༄༅། །སྙིགས་དུས་བསྟན་པའི་གསལ་བྱེད་གཅིག་པུ་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་རྣམ་ཐར་བསྡུས་པ་དད་པའི་གསོས་སྨན་ཞེས་བྱ་བ་བཞུགས།


  ༄༅།།རང་བྱུང་རྡུལ་བྲལ་ཐིག་ལེ་ཉག་གཅིག་ཀུན་མཁྱེན་ཡེ་ཤེས་ཕུང་པོ་ནི།།

  རྒྱལ་སྲས་དཔའ་བོའི་གར་དུ་རྣམ་རོལ་ས་གསུམ་མིག་གི་དཔྱིད་གཅིག་པུ།།

  མཐོང་གྲོལ་མཚན་དཔེའི་ལང་ཚོ་བཞད་ལྡན་སྙིང་གི་ཉི་མ་འཇམ་པའི་དབྱངས།།

  མི་ཕྱེད་དད་བརྒྱའི་མཁའ་ལ་བསྙེན་ནོ་བྱིན་རླབས་སྣང་བ་འབུམ་དུ་སྩོལ།།

  བརྒྱུད་གསུམ་དགོངས་པའི་བྱིན་རླབས་བདུད་རྩི་སྙིང་དབུས་བཅུད་དུ་སོན་པ་ལས།།

  མི་འཕྲོག་སྤོབས་པའི་གཏེར་བརྒྱད་ཡོངས་གྲོལ་རབ་འབྱམས་གཞུང་ལུགས་སྨྲ་བ་ལ།།

  གངས་རིའི་ཁྲོད་འདིར་འགྲན་པའི་ཟླ་བྲལ་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེ།།

  མི་ཕམ་རྒྱ་མཚོའི་ཞབས་རྡུལ་དྲི་མེད་སྤྱི་གཙུག་མཛེས་པའི་རྒྱན་དུ་འཛིན།།

  མགོན་དེས་རྗེས་བཟུང་མདོ་སྔགས་གཞུང་བརྒྱ་སྨྲ་ལ་འཇི༵གས་མེ༵ད་ང༵ག་གི་དབ༵ང་།།

  ཕུ༵ན་ཚོ༵གས་དགེ་ལེགས་བྱེ་བའི་འབྱུ༵ང་གན༵ས་དཔལ་ལྡན་བློ༵་གྲོ༵ས་མཚུ༵ངས་མེ༵ད་པ།།

  ཐུབ་བསྟན་གསལ་བའི་སྒྲོན་མེ་གཅིག་པུར་རྒྱལ་བས་ཡོངས་བསྔགས་ཆོས་ཀྱི་རྗེ།།

  དྲིན་ཆེན་བླ་མ་རྫོགས་པའི་སངས་རྒྱས་འདུ་འབྲལ་མེད་པའི་ཕྱག་གིས་མཆོད།།

  གང་གི་རྣམ་ཐར་མ་དྲོས་ཆུ་གཏེར་ཆེ།།

  ཆེ་བའི་ཡོན་ཏན་སྟོང་ཕྲག་མངའ་བའི་དཔལ།།

  དཔལ་ལྡན་མཁས་པའི་སྙིང་གི་བཅུད་ལེན་དུ།།

  དུ་མའི་ཐབས་ཀྱིས་ལེན་ལ་སུ་མི་སྤྲོ།།

  དེ་ཕྱིར་གཟུར་གནས་བློ་ལྡན་དོན་གཉེར་བའི།།

  སྐལ་བཟང་གང་དག་ལུས་སྐྱེས་འཁྲི་ཤིང་ནི།།

  གཡོ་བའི་ཚལ་གནས་ཡིད་ཀྱི་ཁྱེའུ་ཆུང་།།

  ཀུན་དགའི་འཛུམ་བརྒྱ་དགོད་བཞིན་འདིར་ལྷགས་ཤིག།

  ཅེས་ཚིགས་སུ་བཅད་པའི་གླུ་དབྱངས་ཀྱི་ཕྲེང་བས་མདུན་བསུས་ཏེ།དེ་ལ་འདིར་མཉམ་མེད་ཐུབ་པའི་དབང་པོའི་བཀའ་ལུང་གིས་བསྔགས་པ།རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་འོད་ཟེར་དྲི་མ་མེད་པས་བློ་གྲོས་ཀྱི་པདྨོ་ཁ་ཕྱེས་ནས་ཤེས་བྱའི་དཀྱིལ་འཁོར་མཐའ་དག་གཟིགས་པའི་སྤྱན་རས་མཁའ་ལྟར་ཡངས་ཤིང་མདོ་སྔགས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ།འཇིག་རྟེན་མ་ལུས་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་རྟག་ཏུ་འཛིན་པ།ཨོ་རྒྱན་སངས་རྒྱས་གཉིས་པའི་རྒྱལ་ཚབ་ཆེན་པོ།རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་མཚུངས་པ་མེད་པ་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧འཇིགས་མེད་ཕུན་ཚོགས་འབྱུང་གནས་སམ་ངག་དབང་བློ་གྲོས་མཚུངས་མེད་དཔལ་བཟང་པོ་ནི་ངེས་པའི་དོན་དུ་གདོད་ནས་ཞི་བ་བློ་འདས་གཉུག་མ་ཆོས་སྐུའི་ཞིང་ཁམས་སུ་འཇམ་དཔལ་ཀུན་ཏུ་བཟང་པོའི་ངོ་བོར་བཞུགས་ཤིང་འགག་མེད་ཡེ་ཤེས་ཀྱི་རང་རྩལ་འོད་གསལ་ལོངས་སྐུའི་ཞིང་ཁམས་འོག་མིན་སྟུག་པོ་བཀོད་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་འཇམ་དཔལ་རྡོ་རྗེ་འཆང་ཆེན་པོ་ངེས་པ་ལྔ་ལྡན་རྟགས་ཀྱི་ཕྱག་རྒྱར་བཞེངས་ཏེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་བཞུགས་ནས་མ་རིག་པས་ཀུན་ནས་མདོངས་པའི་སེམས་ཅན་རྣམས་ཀྱི་དོན་དུ་རྡུལ་སྙེད་ནམ་མཁའི་མཐའ་ཀླས་པའི་ཞིང་དུ་གང་འདུལ་སྤྲུལ་པའི་རོལ་གར་བསྒྱུར་ཚུལ་གྱི་མཐའ་ནི་འཕགས་མཆོག་གིས་ཀྱང་ཇི་བཞིན་གཟུང་བར་མི་ནུས་ན་བདག་ཅག་ལྟ་བུ་བྱིས་པ་ལས་ཀྱང་བྱིས་པ་རྣམས་ཀྱིས་ཚུར་མཐོང་གིས་གཞལ་བར་མི་ནུས་པ་ནི་ལྟ་སྨོས་ཀྱང་ཅི་དགོས།དེ་ལྟ་ནའང་འདིར་རང་ཅག་རྣམས་ཀྱི་ངོར་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་གྱི་ཚུལ་བཟུང་ནས་རང་གཞན་གྱི་དོན་མཛད་པའི་ཆ་ཤས་རྒྱ་མཚོ་ཆེན་པོ་ལས་སྐྲ་རྩེའི་ཐིགས་པ་བཞིན་ཅུང་ཟད་མཐོང་བ་དང་ཐོས་པ་དག་ལ་སྒྲོ་སྐུར་གྱི་ཟོལ་སྦྱོར་རྡུལ་ཙམ་ཡང་མེད་པར་གང་གི་རྣམ་པར་ཐར་པའི་ཆ་ཤས་མངོན་སུམ་གྱི་དགའ་སྟོན་དུ་ཐོབ་པའི་བློ་ལྡན་གཟུ་བོར་གནས་པ་མཐའ་ཡས་པ་དཔང་པོར་བྱས་ཏེ་རང་གཞན་གྱི་དོན་དུ་མདོར་བསྡུས་པའི་སྙིང་པོ་ཙམ་ཞིག་བརྗོད་པར་བྱའོ།།

  དེ་ཡང་སྔོན་གྱི་དུས་སུ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་སྟོན་པ་ཀུན་ཏུ་བཟང་པོས་གསང་ཆེན་བླ་ན་མེད་པ་འོད་གསལ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར་བའི་ཚེ་དེའི་བཀའ་ཡི་སྡུད་པ་པོ་སེམས་དཔའ་རྡོ་རྗེ་སྙིང་པོ་ཞེས་བྱ་བའི་སྐུར་བཞེངས་ཤིང་།འོད་སྣང་སྤྲུལ་པའི་ཞིང་ཁམས་སུ་སྟོན་པ་གཞོན་ནུ་ཁྱེའུ་ཆུང་ཤེད་ལ་རོལ་བ་ཞེས་བྱ་བར་གྱུར་ཏེ་སྤྲུལ་པའི་འཁོར་ལ་ཆོས་གསུངས་སོ།།དེ་བཞིན་དུ་སྟེང་ཕྱོགས་ལྷ་ཡུལ་སུམ་ཅུ་རྩ་གསུམ་དུ་རྫོགས་ཆེན་གྱི་བསྟན་པའི་བདག་པོ་ལྷ་དབང་གི་སྲས་ལྷ་དེ་ཝ་བཟང་སྐྱོང་དང་།རྡོ་རྗེ་འཆང་གི་སྤྱན་སྔར་གསང་སྔགས་ཀྱི་བཀའི་སྡུད་པ་པོ་བྱང་སེམས་ཡེ་ཤེས་སྙིང་པོ་དང་།བདེ་གཤེགས་སྟོན་པ་བཅུ་གཉིས་ཀྱི་སྤྱན་སྔར་ནང་རྒྱུད་ཡོ་ག་གསུམ་གྱི་བཀའ་བསྡུ་བྱེད་པོ་སེམས་དཔའ་རྡོ་རྗེ་སྙིང་པོ་གཉིས་པ་དང་།བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འཛམ་བུ་གླིང་དུ་བྱོན་སྐབས།དེ་ལ་རིམ་གྲོ་བྱེད་པའི་མ་མ་སྐྱེ་དགུའི་བདག་མོ་དང་།རིག་འཛིན་དགའ་རབ་རྡོ་རྗེ་མི་ཡུལ་དུ་བྱོན་ཏེ་རྫོགས་ཆེན་གྱི་བསྟན་པ་སྤེལ་དུས་དེའི་མ་ཡུམ་གསང་བའི་མཁའ་འགྲོ་མ་བདེ་ལྡན་དབང་མོ་དང་།སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་འཁོར་གྱི་ཐོག་མ་བྲམ་ཟེ་ཡིད་བཞིན་དཔལ་ཞེས་པ་དང་།རྒྱལ་པོ་ཨིནྡྲ་བྷོ་དྷི་བྱོན་ཚེ།དེའི་ཆོས་བློན་མཆོག་གི་སྐུར་གྱུར་པ་སོགས་དང་།གུ་རུས་དུར་ཁྲོད་བརྒྱད་དུ་གསང་སྔགས་ཀྱི་ཆོས་གསུངས་ཚེ་ཆོས་ཀྱི་སྲས་ཤཱཀྱ་མི་ཏྲ་ཞེས་བྱ་བ་དང་།གུ་རུས་བལ་ཡུལ་ཡང་ལེ་ཤོད་དུ་མཆོག་གི་དངོས་གྲུབ་བསྒྲུབས་པའི་ཚེ།བལ་བོ་ཛི་ན་མི་ཏྲ་དང་།གུ་རུ་བོད་ཡུལ་དུ་བྱོན་སྐབས་ལས་ཀྱི་རིགས་ཀྱི་མཆོག་གི་དངོས་གྲུབ་བརྙེས་པ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྐུར་བཞེངས་ཤིང་།བོད་དུ་བསྟན་པ་ཕྱི་དར་གྱི་སྐབས་སུ་ཁ་ཆེ་པཎ་ཆེན་གྱི་དངོས་སློབ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་དང་དེའི་ཕྱིས་སུ་གུ་རུའི་ཐུགས་གཏེར་གྱི་མངའ་བདག་དབུ་སྐྲ་རྒོད་སྒྲོ་ལྟར་སྐྱེས་པ་སོགས་ལུང་མཐུན་གྱི་རྟགས་བཅུ་གསུམ་སྐུ་ལ་རྫོགས་པའི་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་དུ་འཁྲུངས།ཡང་རིག་འཛིན་ཆེན་པོ་དེའི་སྤྲུལ་པ་ཉེར་ལྔར་བསྟན་པའི་ནང་ཚན་རིག་འཛིན་སྐུ་ཕྲེང་གཉིས་པར་བགྲང་བ་མངའ་རིས་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ་དང་།དེ་ནས་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྡེ་བཏབ་སྟེ་འཁོར་ལོ་རྣམ་གསུམ་གྱིས་བསྟན་པ་སྐྱོང་བའི་རིག་འཛིན་སྐུ་ཕྲེང་གསུམ་པ་ངག་གི་དབང་པོ་དང་།དེ་རྗེས་ཡེ་ཤེས་ཀྱི་མཁའ་འགྲོ་མ་བི་ཤྭ་དྷ་ཀི་མས་ལུང་བསྟན་པ་ལྟར་རིག་འཛིན་སྐུ་ཕྲེང་བཞི་པ་ལྷ་རིགས་གསུམ་རྡོ་རྗེ་འཛིན་དབང་རིག་འཛིན་པདྨ་ཕྲིན་ལས་སུ་འཁྲུངས།ཡང་དེ་ཉིད་སླར་ཡང་རིག་འཛིན་བཞི་པ་མདུད་པའི་ཡུལ།།ཞེས་པའི་ལུང་དོན་དང་མཐུན་པར་ལན་གཉིས་སུ་ལྕགས་མདུད་ཉག་ཡུལ་དུ་བྱོན་པའི་སྐྱེ་སྤྲུལ་དང་པོ་ནི་བླ་རྫོགས་ཐུགས་གསུམ་གྱི་ཟབ་གཏེར་ཐམས་ཅད་ལ་དབང་སྒྱུར་བ་པོ་པདྨ་དབང་ཕྱུག་དང་།སྐྱེ་སྤྲུལ་གཉིས་པ་ནི་རིག་འཛིན་སྤྲུལ་པའི་གཏེར་སྟོན་ལས་རབ་གླིང་པ་ཡིན་ནོ།།ཡང་དཔའ་བོ་ཆོས་དབྱིངས་རྡོ་རྗེའི་གཏེར་ལུང་ལས།སྔོན་ཚེ་རྒྱ་གར་འཕགས་པའི་ཡུལ་དུ་དགྲ་བཅོམ་ས་གི་ལྷ་དང་།བོད་དུ་སློབ་དཔོན་སངས་རྒྱས་གཉིས་པའི་སྤྱན་སྔར་སྔགས་འཆང་རྡོ་རྗེ་བདུད་འཇོམས་དང་།དཔལ་ལྡན་ས་སྐྱ་པའི་བསྟན་པ་ལ་འཇམ་མགོན་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་དང་།འབྲོག་རི་བོ་དགེ་ལྡན་དུ་རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པའི་སྤྱན་སྔར་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་།ཤར་མི་ཉག་གི་ཡུལ་གྲུར་མཁས་པ་ཀུན་བཟང་ཆོས་གྲགས་ཀྱི་སྐུར་གྱུར་ཅིང་།ད་ལྟ་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་བྱིན་རླབས་སྙིང་ལ་ཞུགས་ཏེ་བསྟན་འགྲོའི་དོན་ཆེན་འགྲུབ་པ་སོགས་གསུངས་སོ།།གཞན་ཡང་སྤྲུལ་པའི་གཏེར་ཆེན་སྒྲིབ་བྲལ་རིག་པའི་རྡོ་རྗེའི་གཏེར་ལུང་ལས།སྔོན་སྨོན་ལེགས་པའི་དཔལ་ཤར་འཕགས་ཡུལ་དུ།།ས་རཾ་མ་ཎི་རཏྣའི་མིང་ཅན་ཏེ།།གངས་རིའི་ལྗོངས་སུ་འགྲོ་མགོན་འཕགས་པ་ལྷ།།གྲུབ་པ་མངོན་གྱུར་རྡོ་རྗེ་བདུད་འདུལ་རྗེ།།རྣལ་འབྱོར་ཆེན་པོ་ལྷ་ལུང་ཞེས་སུ་གྲགས།།ཀཿལྗོངས་བསྟན་གནས་འཛིན་པ་ཆོས་ཀྱི་དབང་།།ཐེག་ཆེན་དོན་རྟོགས་ཨ་ཡུཿཔུཎྱེའི་མིང་།།སྔགས་འཆང་ཆེན་པོ་སྨིན་གླིང་བསྟན་པའི་བདག།ཤེལ་བྲག་གནས་བཞུགས་སྟག་ཚང་མཚམས་པ་དང་།།དབང་ཕྱུག་ཆེན་པོ་ལ་སོགས་སྐུ་རིམ་བྱོན།།མདོ་སྨད་གཏེར་འདོན་བཅུ་དང་དྲུག་ཏུ་སྤྲུལ།།ཁྱད་པར་ཉག་རོང་གཏེར་ཆེན་སྐུ་ཡི་སྤྲུལ།།འདི་ནས་སྤྲུལ་པའི་རྗེ་རིགས་རྒ་ལ་བརྒྱུད།།ལྔ་ནས་དུས་ཀྱི་འཁོར་ལོའི་དམག་གི་དཔོན།།ལས་ཀྱི་རྡོ་རྗེ་བློན་འབངས་སྟོང་ལྔ་བརྒྱ།།འབྲེལ་ཚད་དོན་ལྡན་རྡོ་རྗེའི་ལུང་གིས་བསྔགས།།རིམ་བཞིན་བསྟན་འགྲོའི་དོན་རབ་ལྷུན་གྱིས་འགྲུབ།།ཡེ་ཤེས་མཁའ་འགྲོ་མཆོག་གི་གཏན་ཚིགས་སོ།།ཞེས་སོགས་གསུངས་སོ།།

  དེ་ནས་ལྗོངས་འདིར་བལྟམས་ཚུལ་སོགས་ནི།སྔོན་གཏེར་ཆེན་ལས་རབ་གླིང་པ་སྐུ་ཚེའི་མཇུག་ཏུ་གནུབས་ཟུར་དགོན་དུ་བྱོན་ནས་གནུབས་ཟུར་ཡང་སྤྲུལ་སོགས་ལ་གུ་དྲག་མེ་རླུང་འཁྱིལ་བའི་དབང་བསྐུར་ནས།ད་སྟེ་ལོ་ཁ་ཤས་སོང་རྗེས་བདག་དགོན་འདིར་གཏན་དུ་འོངས་ནས་མདོ་སྒྱུ་སེམས་གསུམ་སོགས་མདོ་སྔགས་ཀྱི་ཆོས་འཆད་ཉན་བྱས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་རྒྱུ་ཡིན་པས།རྟ་ཤུལ་བླ་མ་དོན་རྟོགས་ལ་དེ་ཚེ་ཁྱོད་ཀྱིས་སྐྱོར་དཔོན་བྱེད་དགོས།བདག་སྡོད་གནས་སུ་ཁང་པ་ཞིག་གྱིས།དེ་དག་ལ་བར་ཆད་མི་འབྱུང་བའི་ཕྱིར་ཕུར་པ་ཡང་གསང་ཁྲོས་པའི་དགུ་སྒྲུབ་རྒྱུན་ཆགས་སུ་མཛོད་ཅེས་གསུངས།ཁྱད་པར་དུ་གནུབས་ཟུར་དགོན་པའི་ལུང་བསྟན་གྱི་མཇུག་ཏུ།ལས་གླིང་རང་གི་སྐུ་སྐྱེ་ཕྱི་མ་ངོས་འཛིན་དུ་མི་འགྱུར་བའི་རྟགས་བདུན་གྱིས་བསྟན་ཏེ།ཇི་སྐད་དུ།གནས་མི་འགྱུར་ཆོས་ཀྱི་འབྱུང་གནས་སུ།།མདངས་མི་འགྱུར་གཡུ་ཡི་མཚོ་མོ་ལ།།རིགས་མི་འགྱུར་པདྨའི་སྡོང་པོའི་རྩེར།།སྔགས་སྣ་ནམ་སྤྲུལ་པའི་ཁྱེའུ་མཆོག།ལོ་མི་འགྱུར་མཁའ་ལྡིང་བྱ་ལ་བལྟམས།།ལུས་མི་འགྱུར་ལག་མཐིལ་མཁའ་འགྲོའི་དལ།།ངག་མི་འགྱུར་སྡེ་སྣོད་རྒྱ་མཚོས་བརྒྱན།།སེམས་མི་འགྱུར་ཆོས་སྐུའི་རང་ངོ་འཕྲོད།།དེ་རང་ལོ་ཉེར་དྲུག་ཉེར་བདུན་ལ།།སྨན་བདུད་རྩིའི་དཔལ་འཛིན་ཆོས་དབྱིངས་མས།།ལས་སྨོན་དང་ཐབས་ཀྱིས་བསྐུལ་བྱས་ནས།།ཟབ་གཏེར་ལྔའི་སྒོ་འཕར་འབྱེད་ནུས་ན།།དུས་འཁྲུགས་ཀྱི་མུན་ནག་དབྱིངས་སུ་ཡལ།།བོད་གངས་ཅན་ལ་བདེ་བའི་ཉི་མ་འཆར།།ཞེས་གསུངས་པའི་རྟགས་སྔ་མ་གསུམ་ནི་འོག་ནས་འབྱུང་བ་ལྟར་རྗེ་ཉིད་ཀྱི་འཁྲུངས་ཡུལ་ལ་རྫུ་མེད་ཆོས་ལྷས་དང་།ཡབ་ཀྱི་མཚན་ལ་པད་ཏེ་དང་།ཡུམ་གྱི་མཚན་ལ་གཡུ་མཚོ་ཞེས་བྱ་བ་དེ་དག་གི་མཚན་གྱི་ལྡོག་པ་ནས་བསྟན།རྟགས་བཞི་པ་ནི་རྗེ་ཉིད་ཀྱི་དགུང་སྙིང་བྱ་ཡིན་ལ།རྟགས་ལྔ་པ་ནི་ཕྱག་མཐིལ་དུ་ཆོས་འབྱུང་ཟུར་དྲུག་པའི་རི་མོ་ཡོད་པ་དེ་ཡིན་ནོ།།

  དེ་བཞིན་དུ་ལས་གླིང་གི་ཆོས་བདག་གཏེར་སྟོན་དབང་ཕྱུག་གིས་ཀྱང་།ས་དུག་གི་ཕྱོགས་སུ་གནུབས་ཀྱི་རིགས།།སྔགས་སྣ་ནམ་སྤྲུལ་པའི་པད་མོ་བཞད།།རྟགས་མི་འགྱུར་སྙིང་གར་ཧཱུྃ་ཡིག་དོད།།ཅེས་ས་དུག་གི་ཕྱོགས་སུ་ཞེས་པ་ནི་སྐུ་འཁྲུངས་བའི་ཉེ་སར་དུག་ཆོབ་ཅེས་པའི་གནས་ཤིག་ཡོད་པ་དེ་ཡིན།ཧཱུྃ་ཡིག་དོད་ཅེས་པ་སྐུ་ན་ཆུང་ངུའི་དུས་ཐུགས་ཀར་ཧཱུྃ་ཡིག་ཤིན་ཏུ་གསལ་བ་ཞིག་ཡོད་པ་དེའོ།།དེ་ལྟར་དུ་པདྨའི་ལུང་བྱང་རབ་གསལ་འཕྲུལ་གྱི་མེ་ལོང་ལས་ཀྱང་།ད་ལྟ་སྔགས་པ་རྡོ་རྗེ་བདུད་འཇོམས་ཀྱི།།སྤྲུལ་པའི་སྐྱེས་བུ་ཁམས་ཕྱོགས་ཉག་གི་སྟོད།།ཆུ་ཆེན་གཡས་ཟུར་གངས་རི་རྩེ་གསུམ་གྱི།།མདུན་དུ་བརྟུལ་ཞུགས་ཅན་གྱི་སྐལ་ལྡན་ནི།།འབྲུག་གི་ལོ་ཅན་ལས་རབ་གླིང་པ་ཞེས།།བླ་མེད་གསང་ཆེན་ལམ་ལ་གནས་པ་འབྱུང་།།དེ་ཡིས་བཀའ་གཏེར་ཕལ་ཆེར་རེ་ཞིག་འདོན།།རྟེན་འབྲེལ་འབད་མེད་འགྲིགས་ན་དུས་ངན་གྱི།།རྒུད་པ་བསལ་ཞིང་རིམ་གཉིས་བསྟན་པ་སྤེལ།།གཏེར་བདག་སྐྱེས་བུ་ཚེ་ཚད་བརྒྱད་ཅུ་གཅིག།གྲུབ་པ་བརྙེས་པའི་སྐལ་ལྡན་བདུན་ཕྲག་གཅིག།དེ་བཞིན་དངོས་གྲུབ་འབྲིང་ཐོབ་བརྒྱ་དང་ལྔ།།འབྲེལ་བ་ཐོབ་པ་སྟོང་ཕྲག་བཞི་རུ་འབྱུང་།།དེའི་འོག་མདོ་ཁམས་སྨད་དུ་ཨ་ཡི་མིང་།།སྡེ་སྣོད་འཛིན་པ་བྱ་ཡི་ལོ་པ་འབྱུང་།།བསྟན་པའི་གནས་ཚད་མི་ལོ་སྟོང་ཕྲག་གསུམ།།གྲུབ་མཆོག་མངོན་གྱུར་རིག་འཛིན་བརྒྱ་ཕྲག་དགུ།།རྗེས་སུ་ཞུགས་པའི་རྣལ་འབྱོར་སྟོང་ཚོ་དྲུག།འབྲེལ་ཚད་སེམས་ཅན་ཁྲི་ཚོ་བདུན་དུ་འབྱུང་།།སྐྱེས་བུའི་ཚེ་ཚད་བརྒྱད་ཅུ་དྲུག་འཐོབ་འགྱུར།།དེ་འོག་དབུས་གཙང་ཕྱོགས་སུ་དཔལ་གྱི་མིང་།།སྟག་གི་ལོ་པ་ཚེ་ཚད་སུམ་ཅུ་གསུམ།།བསྟན་པའི་གནས་ཚད་མི་ལོ་ཉིས་བརྒྱ་བ།།གྲུབ་ཐོབ་མི་གསུམ་འབྲེལ་ཐོབ་སྟོང་ཞེ་བརྒྱད།།དེ་ཡི་ཕྱི་མ་མི་རབས་གསུམ་གྱི་རྗེས།།ཁམས་དབུས་མཚམས་སུ་འབྱོར་ལྡན་རིགས་སྐྱེས་པའི།།ལས་ཅན་འབྲུག་གི་ལོ་ཅན་ཐབས་ལ་མཁས།།རྡོ་རྗེ་ཐོགས་མེད་རྩལ་ཞེས་ངེས་པར་འབྱུང་།།ཟབ་གཏེར་ཐམས་ཅད་གེགས་མེད་ཚུལ་བཞིན་དབང་།།བསྟན་དང་འགྲོ་བའི་དོན་ཆེན་སྤྱོད་པར་འགྱུར།།ས་མ་ཡཱཿཞེས་སོགས་གསུངས་སོ།།

  དེ་བཞིན་དུ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་ཚུལ་ཡང་བསྟན་ཏེ།འཇམ་དཔལ་རྩ་རྒྱུད་ལས།ཡི་གེ་ཨ་མིང་བདག་ཉིད་ཆེ།།སྟོན་པའི་བསྟན་པ་གཅེས་འཛིན་བྱེད།།བློ་ལྡན་ཡོན་ཏན་ཀུན་ཀྱིས་བཀུར།།ཐམས་ཅད་བྱང་ཆུབ་ལུང་བསྟན་ཏེ།།ང་ཡི་བྱང་ཆུབ་མཆོག་འཐོབ་འགྱུར།།སྲིད་པ་གསུམ་གྱི་མཐའ་ཡང་བྱེད།།སྔགས་དང་རྒྱུད་ལ་མངོན་བརྩོན་པས།།གྲགས་པ་འཛིན་པར་ཤེས་པར་བྱ།།ཞེས་གསུངས་ལ།ཡི་གེ་ཨ་མིང་ཞེས་པ་ནི་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཞེས་པ་ལེགས་སྦྱར་གྱི་ཨ་བྷྱ་ལཀྵྨཱི་ཀ་ར་ཡིན་པའི་ཕྱིར་ཏེ།ཨོ་རྒྱན་ཆེན་པོས།དེའི་འོག་མདོ་ཁམས་སྨད་དུ་ཨ་ཡི་མིང་ཞེས་གསུངས་པ་དང་དོན་གཅིག་གོ།དེ་བཞིན་དུ་རྡོ་གྲུབ་ཀུན་བཟང་གཞན་ཕན་གྱི་མ་འོངས་ལུང་བསྟན་ལས།གསེར་རྔ་དམ་ལྷ་ཡི་བླ་ལུང་དུ།།དཔལ་ཨོ་རྒྱན་གྱི་སྤྲུལ་པ་འཇིགས་མེད་མཚན།།འཁོར་རྣམ་བཞིའི་བྱང་སེམས་སྡེ་ཚོགས་ལ།།ཆོས་མདོ་སྔགས་ཀྱི་བསྟན་པ་ཉི་བཞིན་གསལ།།ཁོང་འགྲོ་དོན་ས་བརྟན་སྤོ་ལ་རེག།འཁོར་དག་པའི་གདུལ་བྱ་ཕྱོགས་བཅུར་ཁྱབ།།དེར་འབྲེལ་ཀུན་བདེ་ཆེན་ས་ལ་འགོད།།ཅེས་གསེ༵ར་ཐང་གི་ཡུལ་ལྗོངས་རྔ༵་ལ་སྟག་རྩེ་དང་དམ༵་ཅན་གཉིས་ཀྱི་བར་འཛི་ཆེན་ཤིང་གི་ལྷ༵་མོ་གནས་པའི་བླ༵་མ་རུང་ཞེས་པའི་ལུ༵ང་པར་འཇི༵གས་མེ༵ད་ཅེས་པའི་མཚན་ཅན་འབྱུང་བ་སོགས་གནས་དང་སྟོན་འཁོར་ཕྲིན་ལས་ཀྱི་ཆེ་བ་རྣམས་གསལ་བར་ལུང་བསྟན་ཏོ།།གཞན་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས།ད་སྐབས་ནས་མི་ལོ་བརྒྱ་ཙམ་ན།།སངས་རྒྱས་ཀྱི་བསྟན་པ་མིང་ཙམ་བྱེད།།དེ་རྗེས་ཀྱི་དུས་ཀྱི་སྐབས་ཤིག་ན།།ཁམས་ཕྱོགས་ཀྱི་ཙ་རིའི་གནས་འདབས་སུ།།སྣ་ནམ་པས་སྔགས་ཀྱི་བསྟན་པ་སྐྱོང་།།གྲུབ་མཐའ་ཡི་མེ་རོ་སློང་སྲིད་ན།།སྔ་འགྱུར་གྱི་བསྟན་པ་ཆེས་ཆེར་གསལ།།ཞེས་དང་།སེང་སྤྲུལ་ངེས་དོན་ཆོས་ཀྱི་ཉི་མའི་སྤྱི་གཞི་པདྨའི་ཟབ་གཏེར་གྱི་ཁ་བྱང་ལས།དབང་གི་ལུང་པ་པད་མ་ཁ་ཕྱེའི་སྟེང་།།གནུབས་དགོན་ཆེན་པོའི་གསེར་བྱ་མཁའ་ལ་ལྡིང་།།སྒྲ་ཆེན་རྣམས་ཀྱིས་གདོང་ལྔ་ཕྱོགས་སུ་ངོམ།།འདབ་ཆགས་རྣམས་ཀྱིས་མངའ་དབང་ཕྱོགས་སུ་བསྒྱུར།།ཞེས་གསུངས་པའི་དབང་གི་ལུང་པ་ཞེས་པ་ནི་འདིར་དབང་གི་ལས་ཐམས་ཅད་གེགས་མེད་དུ་འགྲུབ་པ་དང་།པད་མ་ཁ་ཕྱེ་ཞེས་པ་ནི་མཁའ་འགྲོ་མ་གསང་མཛོད་ཆེན་མོས།གནས་འདི་མཁའ་འགྲོ་དཔལ་བཙུན་མ།།པདྨ་མཁའ་འགྲོ་འདུ་བའི་གླིང་།།ཞེས་གསུངས་པའི་དོན་དང་།ས་དབྱིབས་ཀྱང་དེ་ལྟར་དུ་གནས་པའོ།།གནུབས་དགོན་ཆེན་པོའི་གསེར་བྱ་ཞེས་པ་ནི་རྗེ་ཉིད་ཀྱི་དགོན་པ་གནུབས་ཟུར་དང་དགུང་སྙིང་བྱ་ཡིན་པས་སོ།།ཡང་གཏེར་ཆེན་སྒྲིབ་བྲལ་རིག་པའི་རྡོ་རྗེའི་གཏེར་ལུང་ལས།སྐབས་ཤིག་ཏུ་བསྟན་འདི་ཉམས་དམའ་ཡང་།།རེ་ཞིག་ན་གསེར་གྱི་རང་ཚུགས་ཟིན།།ཞེས་དང་།རིག་འཛིན་ནུས་ལྡན་རྡོ་རྗེས།གསེར་བ་གམ་ཆོས་ཀྱི་རྔ་ཆེན་བརྡུང་།།སྒྲ་སྙན་མོར་ཕྱོགས་ཀྱི་བུང་བ་འདུ།།ཞེས་སོགས་དང་།རྟ་༼རྟ་འཁོར་ལོ་ཅན་ནི་རླངས་འཁོར་ཡིན་ནོ།།མཆན།༽འཁོར་ལོ་ཅན་གྱིས་ཕྱོགས་སུ་བསྒྱུར།།ཡུལ་བརྒྱད་ཀྱི་འདེགས་མཁན་ལྟད་མོ་བ།།འབྱུང་མ་ངེས་སྤྱོད་པ་བརྟུལ་ཞུགས་མཐུ།།ཞེས་སོགས་མང་ངོ་།།

  དེ་ལྟར་ལུང་བསྟན་པ་དང་མཐུན་པར་གང་ལས་བལྟམས་པའི་ཡབ་ཀྱི་རིགས་ནི།སྤྱིར་སངས་རྒྱས་ཀྱི་བསྟན་པ་འདི་ལ་རིགས་དང་རུས་མི་གཙོ་བར་བསླབ་པ་རིན་པོ་ཆེ་ཁོ་ན་གཙོ་བ་ཡིན་མོད།འོན་ཀྱང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཡང་ཀུན་གྱིས་བཀུར་བའི་རྒྱལ་རིགས་སུ་འཁྲུངས་པ་ལྟར་རྗེ་ཉིད་ཀྱང་ཞིང་འདིར་མི་ཡི་ཚུལ་བཟུང་བའི་རུས་ཀྱི་ཆེ་བ་ནི་འདི་ལྟ་སྟེ།རུས་ཆེན་ལྔ་ཡི་ནང་ཚན་ལ་ཨ་ལྕགས་སྔོན་མོ་འབྲུ་ཡི་རིགས་ཏེ།སྔོན་གྱི་དུས་སུ་འབྲུ་སྔོན་པོའི་མྱུ་གུ་གནུབས་ཡུལ་དུ་བྱུང་བ་དེ་ལས།གྲུབ་པའི་རྒྱལ་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་དང་།སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝའི་ཐུགས་སྲས་ནམ་མཁའི་སྙིང་པོ་སོགས་ཀྱིས་གང་དུ་མི་ཡི་སྲིད་པ་བཟུང་བའི་རིགས་ལ་གནུབས་ཞེས་བྱའོ།།དེ་ནས་རིམ་པར་བརྒྱུད་ནས་ཁམས་ཀྱི་ཤར་ཕྱོགས་མཚོ་ཁྲི་ཤོར་རྒྱལ་མོ་དང་ཉེ་བའི་རྨ་ཁོག་ཏུ་གནས་བཅས་པ་ལ་རོང་ཐ་ཞེས་གྲགས།ཕྱིས་སུ་དེ་ཡང་གནས་སྤར་ཏེ་ཁམས་ཕྱོགས་ཀྱི་གནས་ཆེན་ཉེར་ལྔའི་ཡ་གྱལ།སྤྲང་མི་ཕམ་མགོན་པོས་ཧེ་རུ་ཀའི་སྒྲུབ་གནས་སུ་བྱིན་གྱིས་བརླབས་པའི་གནས་ཆེན་སྦ་ཞབས་བྲག་དཀར་གྱི་གཡས་ཕྱོགས་སུ།འདྲ་ལྕགས་ཁུང་ཁོག་ཏུ་གནུབས་རིགས་བྱུང་བ་ལ་ལྕགས་ཁུང་པ་ཞེས་གྲགས་སོ།།དེར་གནས་པའི་གནུབས་རིགས་ཆེ་འབྲིང་ཆུང་གསུམ་གྱི་བརྒྱུད་པ་ལས་གྲུབ་བརྙེས་ཐར་པ་རྒྱལ་མཚན་སོགས་བྱུང་།ཡང་ཆུང་བརྒྱུད་ལས་ལྕགས་ཁུང་སྐྱོང་ལོ་དང་གདུགས་དཀར་ཟེར་བ་གཉིས་ཀྱིས་རྡོ་གསེར་ཕྱོགས་སུ་གནས་བཅས།གདུགས་དཀར་ལ་སྲས་གསུམ་ལས།ཆེ་བ་དཔལ་གྲགས།འབྲིང་བ་མགོན་སྐྱབས།ཆུང་བ་དར་རྒྱས་བཅས་འཁྲུངས།འབྲིང་བ་མགོན་སྐྱབས་ཀྱི་སྲས་སུ་ལྕགས་ཁུང་ཨ་བསྟན་འཁྲུངས།དེ་ལ་སྲས་གཉིས་ཀྱི་གཅིག་ནི་ལྕགས་ཁུང་སྒེའུ་གཏེར་རམ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཞེས་གཏེར་དང་རྫུ་འཕྲུལ་མངོན་ཤེས་སོགས་ལ་ཐོགས་པ་མེད་ཅིང་གྲུབ་པའི་རྣམ་ཐར་བརྗོད་ལས་འདས་པའི་བདག་ཉིད་ཅན་དེ་ཡིན་ལ།སྲས་གཅིག་ནི་ལུགས་གཉིས་ཀྱི་ཡོན་ཏན་མ་ཚང་བ་མེད་པ་ལྕགས་ཁུང་ཆོས་རྒྱས་ཡིན་ནོ།།དེའི་སྲས་འཕགས་པ་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་དུ་གྲགས་པའི་སྐྱེས་ཆེན་དམ་པ་ལྕགས་ཁུང་གནས་མཆོག་སྟེ།དེ་ནི་སྒེའུ་གཏེར་ལ་མཁའ་འགྲོའི་གསང་གཏམ་ལས།གཡུ་སྒྲ་ཁྱོོད་ཀྱི་ཚ་བོར་སྤྲུལ།།ཁྱོད་ཀྱི་གདུང་རྒྱུད་མ་སྟོང་བར།།རིག་འཛིན་དམ་པ་རྒྱུན་མི་འཆད།།ཅེས་གཡུ་སྒྲའི་སྤྲུལ་པ་ཡིན་པར་ཡང་གསུངས་སོ།།དེའི་སྲས་རིགས་ཆོས་གཉིས་ཀྱི་གདུང་འཛིན་ལྕགས་ཁུང་པད་ཏེ་ཞེས་པ་ནི་སྐྱབས་རྗེ་དམ་པ་གང་གི་ཡབ་ཉིད་དོ།།སྐྱེད་པའི་ཡུམ་ནི།དགེ་བའི་བཤེས་གཉེན་དམ་པ་སྦྱིན་པ་རྒྱ་མཚོ་དང་།པདྨའི་རྣམ་འཕྲུལ་གནུབས་ཟུར་བླ་མ་པདྨ་རྒྱལ་མཚན་དང་ཡི་དམ་ལྷ་ཡི་ཞལ་གཟིགས་པ་གསང་སྔགས་སྒྲུབ་མཆོག་སོགས་བླ་རབས་བཅུ་གསུམ་ལ་མཁས་གྲུབ་ཀྱི་རིག་འཛིན་བར་མ་ཆད་པ་གང་དག་གི་རུས་སུ་གཏོགས་པ།དམ་པའི་ལྷ་ཆོས་ལ་ལྷག་པར་དགའ་ཞིང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་འབྱོངས་པ།ཡ་རབས་རིགས་བཟང་གི་སྤྱོད་པ་ཅན།བུ་མོ་གཡུ་མཚོ་ཞེས་གྲགས་པ་ཉིད་དོ།།དེ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ལོའི་ཆོ་འཕྲུལ་ཟླ་བ་སྟེ།བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་མུ་སྟེགས་སྟོན་པ་སྡེ་དྲུག་བཏུལ་བའི་དུས་ཆེན་འཕྲོད་སྦྱོར་ཕུན་སུམ་ཚོགས་པ་ལེགས་པ་བརྒྱད་འཛོམས་ཀྱི་དུས་༣ཚེས་ལ།འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་བོད་ཁ་བ་ཅན་གྱི་ཤར་ཕྱོགས་རྡོ་ཁོག་རྫུ་མེད་ཆོས་ལྷས་དཔལ་གྱི་འབྱུང་གནས་ཞེས་པའི་གནས་མཆོག་ཉམས་དགའ་བ་དེར་སྐུ་འཁྲུངས་པ་ཡིན་ནོ།།

  དེ་ཡང་སྤྱིར་ཐ་མལ་གྱི་མི་རྣམས་སྲིད་པ་ལས་རླུང་གིས་མགོ་མཇུག་བཟློག་སྟེ་སྐྱེ་ཡང་།རྗེ་ཉིད་ངོ་མཚར་བའི་རྟགས་དུ་མ་དང་བཅས་དབུ་གྱེན་དུ་ཕྱོགས་ཏེ་བདེ་བར་བལྟམས་པའི་མོད་ལ་སྐུ་ལུས་ཀྱིས་རང་ཚུགས་དྲང་པོར་བསྲངས།སྤྱན་ཕྱེས།ཕྲུ་མ་ཆོས་གོས་ཀྱི་ཚུལ་དུ་མནབས་ཏེ་ཞལ་ནས་ཨོཾ་ཨ་ར་པ་ཙ་ན་དྷཱིཿཞེས་ལན་བདུན་བརྒྱད་ཅིག་གསུངས་པ་སྒྲོན་ཚེ་ཞེས་པ་དང་།དེང་སང་རྒྱ་གར་ན་ཡོད་པའི་བརྩོན་སེང་སོགས་ཀྱིས་ཐོས་ཤིང་ཐམས་ཅད་ཡ་མཚན་ཏེ་དེའི་ཚུལ་རྣམས་སྤྲུལ་པའི་སྐུ་མཆོག་པད་རྡོར་ལ་ཞུས་པས།ཁོང་གིས་བྱིས་པ་དེ་བསྟན་འགྲོ་ལ་ཕན་པའི་སྐྱེས་ཆེན་དམ་པ་ཞིག་གི་རྣམ་འཕྲུལ་འདྲ་བས།དེ་དག་གནས་སྐབས་སུ་གཞན་སུ་ལའང་མ་བཤད།སྐུ་ཚེ་ལ་བར་ཆད་རེ་འབྱུང་ཉེན་ཡོད་ཅེས་གསང་རྒྱས་བསྡམས་སོ།།འཁྲུངས་པའི་དུས་དེར་མར་མེའི་འོད་ཟེར་མིག་ལ་ཕོག་པས་འོད་ཆེན་པོ་ཞིག་བྱུང་བའི་སྣང་བ་ཤར་བར་གསུངས།དུས་འདི་ཙམ་ནས་སྨོན་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མ་མ་ཡིན་པ་ལྷན་སྐྱེས་སུ་མངའ་ཞིང་།དེ་དུས་ཀྱི་ས་ཕྱོགས་སྤྱོད་ལམ་སོགས་གསལ་བར་མཁྱེན་པའི་དྲན་པ་དང་།སྦྱོར་བའི་སྔོན་དུ་སྙིང་རྗེ་དང་།།ཞེས་སོགས་གཞུང་ལས་བཤད་པའི་ཐེག་པ་ཆེན་པོའི་རིགས་སད་པའི་རྟགས་ཐམས་ཅད་ཡོངས་སུ་རྫོགས་ཏེ།བཤའ་ལུག་སོགས་གསོད་པ་མཐོང་བའི་སྐབས་སུའང་དངོས་སུ་རང་ལ་ཐབས་ཤེས་མེད་པ་མ་གཏོགས་སེམས་ཅན་དེ་སྐྱོབ་པའི་ཕྱིར་གཅེས་ཤིང་ཕངས་པའི་རང་སྲོག་འདི་གཏོང་བར་ནུས་པ་ལྟ་བུའི་སྙིང་རྗེ་དང་།དད་པ་སོགས་ཀྱང་དེ་དང་འདྲ་བ་ཡོད་ཅེས་གསུང་འཕྲོས་སུ་བསྩལ་བ་ཐོས།

  དགུང་གྲངས་དྲུག་བདུན་ནས་ཡི་གེའི་ཕྱི་མོ་ཙམ་རེ་བསླབས་ཀྱང་ཀློག་ལེགས་པོ་ཞིག་ཤེས་པ་མ་བྱུང་བས།ཉིན་ཞིག་ཁ་རྔའི་རྡོ་འབུམ་གྱི་གསེབ་ནས་ཤོག་དྲིལ་ཞིག་རྙེད་པ་ཁ་ཕྱེས་ཏེ་གཞན་ལ་བལྟར་བཅུག་པས་འཇམ་དཔལ་སྨྲ་སེང་གི་སྒྲུབ་ཐབས་སུ་འདུག་ཟེར།དེའི་མཇུག་ཐོག་གི་ཕན་ཡོན་ཚིགས་སུ་བཅད་པ་ལས།རྒྱ་གར་ཡུལ་གྱི་མི་རྒན་ནི།།ལོ་ནི་དགུ་བཅུ་གོ་དགུ་པ།།ཡི་གེ་ཡང་ནི་མི་ཤེས་པས།།ཞག་གཅིག་བསྒྲུབས་པས་འཇམ་དཔལ་མཇལ།།ཞེས་པ་འདི་ཐོས་འཕྲལ་རྒན་པོ་འདི་ལྟ་བུས་ཀྱང་ཞག་གཅིག་གིས་གྲུབ་པའི་ས་མཐོར་གཤེགས་པ་དེ་ལྟ་ན།བདག་འདྲས་བདེ་མྱུར་དུ་འགྲུབ་པ་ལ་ཚེགས་ཀྱང་ཅི་དགོས་སྙམ་དུ་ཐུགས་གཟེངས་བསྟོད་ནས་མོས་གུས་རྩེ་གཅིག་པ་སྟོབས་སུ་བྱས་ཏེ་ཞག་འགར་བསྒྲུབས་པས་བྱིན་རླབས་ཀྱི་རྟགས་མཚན་ཁྱད་པར་ཅན་ཅི་རིགས་ཐོབ་པ་ནས་བཟུང་ཀློག་སོགས་མ་བསླབས་ཀྱང་ཤེས་པ་བྱུང་བར་མ་ཟད་གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་འོལ་སྤྱི་ཙམ་ཐུགས་སུ་ཆུད་ཅིང་།དུས་འདི་ཙམ་ནས་གཏེར་གྱི་ལས་འཕྲོ་ཡང་སད་དེ་གཏེར་གང་ཡང་འདོད་རྒུར་ལེན་ནུས་པ་བྱུང་སྟེ་རྩེད་མོའི་ཞོར་ལ་བླངས་པའི་སྒྲོམ་བུ་དང་སྐུ་འདྲ་སོགས་མང་པོ་མཇལ་རྒྱུ་ཡོད།གཞན་ཡང་རི་བྲག་སོགས་ཟང་ཐལ་དུ་མཐོང་བ་དང་ཡུལ་ཁམས་ཀྱི་ལེགས་ཉེས་བདེ་སྡུག་སོགས་དང་།ཐ་ན་ཀུ་རེ་དང་རྩེད་མོའི་ཕྱིར་བཤད་པའི་མངོན་ཤེས་འདྲ་བ་རྣམས་ལའང་འདི་མི་ཐིག་བྱ་བ་གཅིག་ཀྱང་མེད་ལ།དེ་བཞིན་སྔོན་གྱི་གནས་མཁྱེན་པའི་ཚུལ་ཡང་ཨོ་རྒྱན་ཆེན་པོ་དང་།ཞབས་དཀར་བ་དང་།ཀོང་སྤྲུལ་སོགས་ཀྱི་མདུན་ནས་ཟབ་རྒྱས་ཀྱི་གདམས་པ་མནོས་པ་སོགས་དང་།འདན་སྲས་གཡུ་འོད་འབུམ་མེ་དེ་གཞན་དང་མི་འདྲ་བར་གསལ་བོར་དྲན་འདུག་གསུངས།

  དེ་ནས་དགུང་ལོ་བཅུ་བཞི་བར་སྲིད་ལས་ངེས་པར་འབྱུང་བའི་བསམ་པ་དྲག་པོས་ཐུགས་རྒྱུད་བསྐུལ་ཞིང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ཡོན་ཏན་ཐམས་ཅད་ཀྱི་གཞི་དང་རྩ་བར་མཐོང་ནས་བྲག་རྫོང་མཁན་པོ་བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང་སྟེ་མཚན་ཐུབ་བསྟན་ལེགས་བཤད་བཟང་པོར་བཏགས།དེ་ནས་བཟུང་།ཚུལ་གནས་ཐོས་དང་བསམ་ལྡན་པས།།སྒོམ་པ་ལ་ནི་རབ་ཏུ་སྦྱོར།།ཞེས་པའི་དོན་གོ་རིམ་མ་འཆོལ་བར་ཐུགས་ཉམས་སུ་བསྟར་བར་བཞེད་དེ།ཐོག་མར་ཉིན་རེ་ལ་ལྡེབ་མདའ་ཚད་མ་བཅོ་ལྔ་ཡས་མས་རེ་ཐུགས་འཛིན་མཛད་དེ་གཞུང་རྩ་བ་དུ་མ་བློ་ལ་བྱང་ཞིང་དགེ་བའི་བཤེས་གཉེན་དུ་མ་ལས་ཐོས་བསམ་ལ་བར་མེད་དུ་བརྩོན་པ་བྱས་པས་མཁྱེན་རབ་ཕྱོགས་སུ་རྒྱས།དུས་འདི་ཙམ་ནས་ཀྱང་གཞན་ལ་འཆད་ནུས་པ་བྱུང་བར་མ་ཟད་ཐོལ་བྱུང་དུ་སྤེལ་བའི་སྒྲུབ་ཐབས་དང་བསྟོད་པ་སོགས་ཚིག་སྙན་ལ་དོན་ཟབ་པ་ཁ་གསལ་ཞིང་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བ་ཤ་སྟག་ཏུ་ཡོད་ཀྱང་ད་ལྟ་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་སྒྲུབ་ཐབས་འོད་གསལ་ཐེག་པའི་ཉིང་ཁུ་ཙམ་མ་གཏོགས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཕྱག་མཚན་རལ་གྲི་ལ་ཕྱི་ནང་གསང་གསུམ་གྱིས་བསྟོད་པ་དང་།སྤོབས་པའི་གཏེར་བརྒྱད་སྒྲུབ་ཐབས་ཀྱི་མན་ངག་གཉིས་ཀྱིས་མཚོན་མང་རབ་ཅིག་ཕྱོགས་ཕྱོགས་སུ་རང་ཤུགས་ཀྱིས་འཐོར་སོང་བས་དཔེ་རྒྱུན་དཀོན་པར་སྣང་།

  དགུང་ལོ་བཅོ་ལྔ་པར་འོད་གསལ་རྫོགས་པ་ཆེན་པོ་ལ་ཐུན་མོང་མ་ཡིན་པའི་མོས་གུས་ཐུགས་རྒྱུད་ལ་འཁྲུངས་ཏེ་འཕྲིག་ཚུད་པ་ཙམ་བྱུང་ཞིང་།དེ་ནས་ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ།རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ལས།།དགོངས་པའི་ཀློང་ནས་སྤོབས་པའི་གཏེར་བརྒྱད་གྲོལ།།ལུང་རྟོགས་ཆོས་མཛོད་རྒྱ་མཚོའི་མངའ་བདག་མཆོག།ཨ་ཛི་ཏ་བི་ཛ་ཡ་ལ་གསོལ་བ་འདེབས།།ཞེས་པའི་གསོལ་འདེབས་འདི་ཚར་བརྒྱ་ཕྲག་རེ་དང་།སེམས་ངོ་མཛུབ་བཙུགས་ཀྱི་གདམས་པ་ཚར་རེ་སྦྲགས་ཏེ་སྔ་མ་ས་ཡ་གཅིག་དང་།ཕྱི་མ་ཁྲི་ཕྲག་ཙམ་གྲངས་འཁྱོལ་བའི་སྐབས་སུ་སྔར་དང་མི་འདྲ་བར་སེམས་ཀྱི་ཆོས་ཉིད་གཉུག་མ་དོན་གྱི་ཡེ་ཤེས་རིག་སྟོང་རྗེན་པའི་རང་གཤིས་ཉིད་ཉམས་ཞེན་ཡིད་དཔྱོད་ཀྱི་སྦུབས་ལས་ཐོན་ཏེ།ཁོ་ཐག་ནང་ནས་ཆོད།ཡིན་མིན་གྱི་སྒྲོག་ལས་གྲོལ་ཏེ་མཁས་པ་བརྒྱ་དང་གྲུབ་པ་སྟོང་བྱོན་ཀྱང་འདི་ལས་ལྷག་པ་ཞིག་བསྟན་དུ་མེད་པའི་ངེས་ཤེས་གནད་དུ་འདྲོངས་ནས་ན་ཚོད་ཆུང་ཡང་རྟོགས་པའི་གོ་འཕང་མཐོན་པོར་གཤེགས།དེ་ལྟར་མཚོན་བྱ་དོན་གྱི་འཇམ་དབྱངས་བླ་མ་ཉིད་ནང་གི་ཡོངས་འཛིན་ཁྱད་པར་ཅན་གྱི་ཚུལ་དུ་རྣམ་པར་རོལ་ཏེ་ངག་དབང་བློ་གྲོས་མཚུངས་མེད་ཅེས་མཚན་གྱི་ཅོད་པན་དཔྱངས་པས་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ་བ་ནས་བཟུང་།ཕྱིའི་ཡོངས་འཛིན་གཞན་བསྟེན་པའི་ངལ་བ་ལ་མ་ལྟོས་ཀྱང་གདུལ་བྱ་རྣམས་ཀྱིས་དགེ་བའི་བཤེས་གཉེན་ལ་དཀོན་པའི་འདུ་ཤེས་དང་།དམ་པའི་ཆོས་ལ་གལ་ཆུང་མི་བགྱིད་པ་སོགས་དགོས་པ་དུ་མར་དགོངས་ཏེ་སླད་ནས་ཀྱང་བླ་མ་མང་ཞིག་བསྟེན་ནས་དམ་པའི་ཆོས་ཀྱི་ཕྱིར་དཀའ་སྤྱད་མཛད་པའི་ཚུལ་བསྟན་པ་ཡིན་པར་རྗེས་སུ་དཔགས་པས་ཤེས་སོ།།དེ་ནས་བཟུང་རྨི་ལམ་བཟུང་བ་དང་།སྤྲུལ་སྒྱུར་བྱེད་པ་དང་།འོད་གསལ་དུ་སྦ་བ་རྣམས་ལའང་འདོད་རྒུར་དབང་འབྱོར་ཞིང་།འོད་གསལ་ངང་སྒྱུ་ལུས་བཟུང་ནས་དག་པའི་ཞིང་ཁམས་རྣམས་སུ་སོང་སྟེ་སངས་རྒྱས་དུ་མ་ལས་ཆོས་ནོད་ནུས་པ་བྱུང་བ་དང་།མཚན་དུས་སུའང་ཉེ་བའི་གནས་དང་ཁོར་ཡུག་ཀུན་ཉིན་སྣང་བཞིན་གསལ་བར་གཟིགས་པས་མཚོན་དག་པའི་གཟིགས་མོ་འབྱམས་སུ་ཀླས།

  དགུང་གྲངས་བཅོ་བརྒྱད་པར་རྫ་སྟོད་ལྕང་མ་སྒར་དུ་བྱོན་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཐུབ་བསྟན་ཆོས་འཕེལ་ལམ་ཐུབ་དགའ་ཡིད་བཞིན་ནོར་བུ་ཞེས་གྲགས་པ་དེ་ཉིད་ཀྱི་ཞབས་ལ་བཏུད་དེ་མཉེས་པ་གསུམ་གྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏེ།ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་དུ་མའི་བཤད་ཁྲིད་དང་།ཁྱད་པར་དུ་གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་།གྲོལ་བྱེད་ཀྱི་ཁྲིད།རྒྱབ་རྟེན་གྱི་བཤད་པ།མན་ངག་གི་ཕྱག་བཞེས་སྤྱི་དང་།རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་ཆ་ལག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ཏེ་ཐོག་མའི་རྟེན་འབྲེལ་གྱི་སྒོ་ལེགས་པའི་ཕྱོགས་སུ་འགྲིགས།དེ་ནས་བཟུང་གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས་སློབ་གཉེར་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་གནང་ཞིང་།ལོངས་སྤྱོད་ཧ་ཅང་དབུལ་བས་དབྱར་དུས་སུ་རི་ཁྲོད་དེར་ཞོ་ཅུང་ཟད་རེ་བགོ་རྒྱུ་ཡོད་པ་དེས་བཟའ་བཏུང་གཉིས་ཀའི་གོ་ཆོད་པར་མཛད་ནས་མེ་ཡེ་མ་བཏང་ཞིང་།ན་བཟའང་དུར་ཁྲོད་ཀྱི་གོས་རྣམས་བླངས་ནས་མནབས་པ་སོགས་ལྟོ་སྐྱ་གོས་ཧྲུལ་ངང་དམ་པ་གོང་མའི་རྣམ་ཐར་ལྷུར་བྱེད་ཅིང་བཞུགས།བར་སྐབས་ཤིག་ན་ཚད་མ་རིགས་པའི་གཏེར་ལ་གསན་བསམ་མཛད་པའི་མུ་ལ།རྟོག་གེའི་གསང་ཚིག་ཕྲ་མོ་འགའ་ཞིག་ཅུང་ཟད་ཤེས་དཀའ་བ་བྱུང་ཚེ།ལྷ་དང་བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པའི་མཐུས།ནུབ་གཅིག་མནལ་ལམ་དུ་ས་སྐྱ་པཎྜི་ཏ་ཡིན་སྙམ་པ་ཞིག་བྱོན་ནས་འཇམ་དཔལ་མཚན་བརྗོད་ཅིག་གི་ལུང་ཕོག་ཅིང་བྱིན་རླབས་མཛད་ནས་བྱོན་པ་རྨིས།མནལ་སད་པ་ན་མདོ་སྔགས་གང་ལའང་མི་ཤེས་པ་གཅིག་ཀྱང་མི་འདུག་སྙམ་པ་ཞིག་ཏུ་གྱུར་འདུག་པས།ཤིན་ཏུ་དགའ་དྲགས་ནས་བདག་ནའོ་ཞེས་སྨྲས་ནས་ཞག་གཉིས་གསུམ་ཞིག་ལ་ཉལ་ཞིང་བསྡད།འདི་ཙམ་ནས་འཆད་རྩོད་རྩོམ་གསུམ་གང་ལའང་མི་འཇིགས་པའི་སྤོབས་པ་ཁོང་ནས་རྙེད་དེ།སེར་ཤུལ་སོགས་སུ་གྲྭ་སྐོར་ལ་བྱོན་ནས་མཁས་པའི་ཚད་དུ་གླེང་བ་རྣམས་དང་རིགས་པའི་སྒྱུ་རྩལ་འགྲན་པ་ན།ཚུལ་གསུམ་གྱི་ལམ་ནས་དྲངས་པའི་དགག་སྒྲུབ་ཀྱི་འགྲོ་ཁྱབ་དམིགས་ཐེང་བར་བརྗོད་པས།དེ་སྔ་རྩོད་གྲྭ་མ་འགྲིམས་བཞིན་དུ་རིགས་ལམ་བྱང་བ་འདི་འདྲ་ཞེས་ཀུན་གྱིས་ཡ་མཚན་པའི་གནས་སུ་བྱེད་ཅིང་བཀུར།སྒར་དུ་བཞུགས་པའི་ཚེ་ནའང་ཉིན་རེ་བཞིན་ཆོས་ཁྲིད་བདུན་བརྒྱད་རེ་ཁྲིགས་ཆགས་སུ་གསུངས་པས་མཚོན་མཛད་པ་ངོ་མཚར་ཅན་མང་དུ་སྣང་ཡང་རེ་རེ་ནས་འབྲིར་མ་ལངས།

  དགུང་ལོ་ཉེར་གཉིས་པར་རྗེ་དེ་ཉིད་ལས་བསྙེན་པར་རྫོགས་ཏེ་བསླབ་པ་རིན་པོ་ཆེའི་གནང་བཀག་གི་བཅས་མཚམས་ཕྲ་མོ་ཚུན་ཆད་ཀྱང་ཁྱད་དུ་མ་བསད་པར་གཡག་རྔའི་རྩེ་མོ་བཞིན་བསྲུངས་པས་འདུལ་བ་འཛིན་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར།ད་ལྟའི་བར་དུའང་ནང་གི་རྣལ་འབྱོར་དང་མི་བསྟུན་པར་བསྟན་པ་རིན་པོ་ཆེའི་མིག་ལྟོས་ཁོ་ནར་དགོངས་ཏེ་གདུལ་བྱ་རྣམས་དོན་མཐུན་གྱི་སྤྱོད་པས་བསྡུ་བའི་ཕྱིར་རྟེན་དགེ་སློང་གི་ཚུལ་དུ་བཞུགས་ཤིང་།རྣམ་པར་དཀར་བའི་ཕྲིན་ལས་ཀྱིས་ས་ཆེན་པོའི་ཁྱོན་ཀུན་ངུར་སྨྲིག་འཆང་བའི་སྡེས་ཁྱབ་པར་མཛད་པ་འདི་གཅིག་པུའི་རྣམ་ཐར་ཡང་བསམ་པར་དཀའ་འོ།།དེ་ནས་བཟུང་གསར་རྙིང་ཀུན་གྱིས་ཚད་མར་འཛིན་པའི་བདག་ཉིད་ཆེན་པོ་ཐུབ་བསྟན་ཆོས་འཕེལ་དཔལ་བཟང་པོས་ཀྱང་བུ་སློབ་རྒྱུ་སྐར་གྱི་ཕྲེང་བ་ཚར་དུ་དངར་བ་ལྟ་བུ་ལས་རྗེ་འདི་ཉིད་ནང་ཐུགས་ཀྱི་སྲས་གཅིག་པུར་དགོངས་ཏེ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བའི་ཚུལ་ཡང་།བཀའ་ལས།ངེད་གཉིས་སྐྱེ་བ་སྔོན་མའི་ལས་ཤིག་གིས་ཡིན་པ་འདྲ།འདི་ཡང་ང་དང་བྲལ་ནས་ཞག་གཅིག་སྡོད་དགོས་ཀྱང་བྱིས་པ་མ་དང་བྲལ་བ་བཞིན་དུ་འདུག་མི་ཚུགས་ལ།བདག་ལའང་རང་གི་ལུས་ཤ་ཁྲག་ལས་ཆད་པའི་བུ་རྒྱུད་ཅིག་དང་ཁྱད་པར་ཅུང་ཟད་ཀྱང་མེད་ཅེས་གསུངས་ཤིང་།ཚོགས་པའི་དབུས་སུའང་།ངའི་སྤྲུལ་སྐུ་རྒྱ་སྒོང་མ་འདིས་དབུ་ཐུར་དུ་བསྟན་ནས་འགྲོ་བར་བྱེད་ནའང་ཁྱེད་རང་རྣམས་ཀྱིས་དེ་ཨེ་ཐོན་ལྟོས་དང་དེ་གས་མ་ཆོག་པ་གང་ཡང་མེད་ཅེས་དགྱེས་ཉམས་དཔེ་མེད་ཀྱི་ཞལ་ཏ་གནང་བ་དང་།རྗེས་སུ་ཡུལ་དགོན་ཀུན་གྱིས་རང་ཡུལ་ཕྱོགས་ཀྱི་མཁན་པོར་ཕེབས་དགོས་ཚུལ་སོགས་སྙན་གཙེར་གྱི་ཞུ་བ་ནན་ཆེར་ཕུལ་བའི་སྐབས་སུའང་།སྤྱིར་རང་མི་རང་ལ་དབང་བ་འོས་སུ་ཆེ་བས་ཅི་བྱེད་ཁྱེད་རང་ཚོའི་ལག་ན་གདའ་ཡང་།ངེད་གཉིས་ཕན་ཚུན་བརྩེ་གདུང་ཤུགས་དྲགས་པས་གློ་བུར་དུ་འབྲལ་དཀའ་བར་འདུག་པས།ད་ངེད་གཉིས་མཉམ་དུ་ལོ་གཅིག་ལ་སྡོད་དུ་ཆུག་དང་།ང་རང་ལའང་ལུག་རྒན་ཞིག་གི་ཚེ་ལས་མེད་པས་དེ་ནས་འོང་ཆོག་གསུངས་ནས་བཀའ་མ་གནང་།དེའི་ཕྱི་ལོ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་ལ་ཉེ་བའི་སྐབས་སུའང་།ན་ནིང་ནི་ཁྱོད་རང་ཡུལ་དུ་འབོད་དུ་བྱུང་བའི་ཚེ་བདག་གིས་གཏོང་མ་ནུས་ལ།ད་ལོ་ནི་ངེད་གཉིས་སོ་སོར་འབྲལ་དགོས་པ་ཡིན་ཞེས་སོགས།གསུང་གི་ཐ་མར་བསྩལ་ནས་དངོས་ཀྱི་མཛད་པ་རེ་ཞིག་རྫོགས་པའི་ཚུལ་བསྟན་ཏོ།།དེ་བཞིན་དུ་བདག་ལའང་བླ་མ་འདི་ཐོག་མར་མཇལ་བའི་དུས་ནས་བཟུང་ཐ་མལ་མིར་འཛིན་གྱི་བློ་སྐད་ཅིག་མ་གཅིག་ཀྱང་སྐྱེ་མ་མྱོང་ཞིང་།གང་གི་འཁོར་རྣམས་ཚུལ་ཁྲིམས་རྣམ་པར་དག་པ་དང་།ཉིད་ནས་ཀྱང་ཚུལ་ཁྲིམས་ལ་ཐུགས་གཙིགས་ཤིན་ཏུ་མཛད་པ་སོགས་ལས་དཔགས་ན།འཇུག་པའི་སེམས་བསྐྱེད་པ་གཉིས་པའི་སྐབས་སུ།དེ་བཞིན་ཚུལ་ཁྲིམས་དབང་བྱས་བདག་ཉིད་ཆེ།།དེ་འཆལ་བ་དང་ལྷན་ཅིག་གནས་མི་འདོད།།ཅེས་གསུངས་པ་ལྟར་སྣང་ཚོད་ས་གཉིས་པ་ལ་གནས་པའི་བྱང་སེམས་ཤིག་ཡིན་པར་བསམས་ཤིང་།ཐ་མའི་མཛད་པ་བདག་གིར་བཞེས་པ་ནས་བཟུང་རྫོགས་པ་ཆེན་པོའི་གཞུང་ལས་བཤད་པའི་རྟགས་རྣམས་ལས་སངས་རྒྱས་དངོས་ཀྱི་འདུ་ཤེས་རྙེད་པ་ཡིན་གསུངས།དེ་དང་མཐུན་པར་ཐུགས་མཉེས་པ་བསྒྲུབས་པའི་ཚུལ་ཡང་།འཇིགས་མེད་རྒྱལ་བའི་མྱུ་གུས་རིག་འཛིན་འཇིགས་མེད་གླིང་པ་བསྟེན་པའི་རྣམ་ཐར་ཇི་ལྟ་བར་ངས་ཀྱང་ཐུགས་མི་མཉེས་པ་སྤྱན་ལོག་གཅིག་གཟིགས་པ་ཙམ་གྱི་རྒྱུ་ཡང་བསྒྲུབས་པ་མེད་ལ།ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས་ཐ་ན་ཀུ་རེ་ཞིག་གསུངས་པ་ཚུན་ཆད་ལའང་།དེ་ལ་དགོས་པ་དེ་ལྟ་བུ་ཞིག་འདུག་སྙམ་དུ་གདམས་ངག་ཁོ་ནར་ཤེས་ཤིང་།ཕྱག་མགོ་ཐོག་ཏུ་བཞག་པ་དང་།དབུ་ཐོད་གཏུགས་པས་ཀྱང་ཞག་དུ་མའི་བར་དུ་སེམས་དགའ་ཡལ་ལེ་བ་ཞིག་འབྱུང་བ་ཡིན་ཞིང་།ད་ལྟའང་ཁོང་གི་མཚན་དང་མཛད་སྤྱོད་དྲན་པ་ཙམ་གྱིས་བཅོས་མིན་རང་ཤུགས་ཀྱིས་སྙིང་ཁོང་ནས་མཆི་མ་དཀུ་ཞིང་ལུས་སྡོད་མི་ཚུགས་པ་ལྟ་བུ་འདུག་ཅེས་གསུངས་ཏེ་ཚོགས་པ་བརྒྱ་སྟོང་གི་ཁྲོད་དུའང་བཤུམ་པ་འབའ་ཞིག་མཛད།

  གཞན་ཡང་སྔ་རྗེས་སུ་སྤྱན་རས་གཟིགས་དབང་པདྨ་སིངྔྷི་ལས་ཁྲེགས་ཆོད་ཐོད་རྒལ་གྱི་གདམས་པ་དང་།བར་དོའི་ཆོས་སྐོར་སོགས་དང་།ངེས་དོན་གྲུབ་པའི་དབང་ཕྱུག་སྤྲུལ་ནམ་མཁའ་འཇིགས་མེད་ལས།བླ་མ་ཡང་ཏིག ཞི་ཁྲོའི་དབང་སོགས་དང་།རྫོགས་ཆེན་མཁན་པོ་ཡོན་ཏན་མགོན་པོ་ལས་ལྕེ་བཙུན་སྙིང་ཐིག་སོགས་དང་།སྤྲུལ་པའི་སྐུ་མདོ་སྔགས་བསྟན་པའི་ཉི་མ་ལས།སྙིང་ཏིག་ཡ་བཞི་དང་།དུས་འཁོར་དབང་མོ་ཆེ་སོགས་ཏེ་སྔགས་ཕྱོགས་དང་།མཁན་པོ་རྒྱ་མཚོ་ལས་དབུ་མའི་སྐོར་རྣམས་དང་།བླ་མ་དམ་པ་ཚུལ་དགའ་ལས་མཛོད་ཀྱི་བཤད་རྒྱུན་དང་།རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་བཀླག་ལུང་སོགས་དང་།མཁན་ཨོ་རྒྱན་མགོན་ལས།འདུལ་ཊཱིཀ་ཉི་མའི་འོད་ཟེར་སོགས་འདུལ་བའི་སྐོར་རྣམས་དང་།ལྷ་སྤྲུལ་རིན་པོ་ཆེ་ལས་ཕར་ཕྱིན་དང་ཚད་མའི་སྐོར་དང་སྐར་རྩིས་སོགས་མདོ་དང་རིག་གནས་ཀྱི་ཕྱོགས་རྣམས་གསན་བཞེས་མཛད།གཞན་ཡང་མཆོག་སྤྲུལ་རིན་པོ་ཆེ་པདྨ་ནོར་བུ་དང་།རྟོགས་པའི་དབང་ཕྱུག་བླ་མ་ཀར་ཆོས།ལུང་རིགས་སྨྲ་བའི་དབང་པོ་མཁན་ཟླ་འོད་དང་།བཤེས་གཉེན་ཆེན་པོ་དགེ་འདུན་དར་རྒྱས་སོགས་ལས་ཀྱང་དབང་ཁྲིད་བཀའ་ལུང་ཅི་རིགས་གསན་ཅིང་།བཤེས་གཉེན་དེ་དག་ཐམས་ཅད་ཀྱང་བསམ་སྦྱོར་གཉིས་ཀྱིས་ཟོལ་མེད་དུ་བསྙེན་པས་ཐུགས་མ་ཟིན་པ་གཅིག་ཀྱང་མེད་དེ།སློབ་མ་རྣམས་ཀྱིས་རང་རྣམ་ཞིག་རྩོམ་པར་ཞུས་པའི་དུས་ནའང་།བདག་ལ་འབྲི་འོས་ཀྱི་རྣམ་ཐར་གཞན་མེད།བླ་མ་རྣམས་ཀྱི་ཐུགས་ཟིན་པ་འདི་ངའི་མི་ཚེ་གང་བོའི་རྣམ་ཐར་གྱི་ཆེ་ཤོས་ཡིན་ཞེས་གསུངས་སོ།།དེ་ལྟར་དགེ་བའི་བཤེས་གཉེན་དུ་མ་ལས་རང་གཞན་གྱི་གྲུབ་མཐའི་གནད་ལ་བྱང་ནས་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་སྟེ།དེ་ཡང་སྟོང་སོབ་གོ་ཡུལ་ཙམ་མ་ཡིན་པར།ལྟ་གྲུབ་སོ་སོའི་ཁས་ལེན་གྱི་གནད།ལུང་གི་སྒྲུབ་བྱེད།རིགས་པའི་འཕུལ་མཚམས།མན་ངག་གི་ཟབ་ཁྱད་སོགས་འདི་དང་འདིའོ་ཞེས་རེ་རེ་ནས་ཚང་ལ་ནོར་བ་མེད་པར་རིགས་པ་རྣམ་པ་བཞིའི་ལམ་ནས་འདོམས་པ་ལ་ཆགས་ཐོགས་མེད་ཅིང་།ཁྱད་པར་དུའང་འོད་གསལ་རྫོགས་པ་ཆེན་པོའི་སེམས་ཀློང་མན་ངག་གི་སྡེ་སྤྱི་དང་།བྱེ་བྲག་ཏུ་ཕྱི་མ་ལས་ཕྱེ་བའི་ཕྱི་ནང་གསང་བ་ཡང་གསང་གི་སྐོར་ཏེ་སྐོར་ཚོ་ཆེན་པོ་བཞིར་གྲགས་པ་དེ་དག་གི་དགོངས་དོན་རེ་རེ་ནས་ཞིབ་ལ་མ་འདྲེས་པར་རྒྱུད་དང་མན་ངག་དཔང་པོར་བྱས་ནས་སྨྲ་ནུས་པ་ནི་འདྲེན་མཆོག་གང་གི་རིག་སྟོང་གི་ཀློང་ལས་རང་བྱུང་དུ་རྡོལ་བའི་རྡོ་རྗེའི་གསུང་རྣམས་སུ་བལྟས་པ་ཙམ་གྱིས་ཤེས་ནུས་སོ།།

  དེ་ལྟར་ཐོས་བསམ་གྱིས་ཇི་ལྟར་གཏན་ལ་ཕབ་པའི་དོན་དེ་ཡང་བློ་ལྡོག་རྣམ་བཞི་ནས་བཟུང་ཐུགས་ཉམས་སུ་བསྟར་ཞིང་།ཁྱད་པར་དུ་ནང་རྒྱུད་སྡེ་གསུམ་ལ་ཐུགས་དམ་གྱི་མཐིལ་མཛད་དེ།དེ་ཡང་ཐབས་བསྐྱེད་པའི་རིམ་པ་སྣང་སྲིད་ཡེ་སངས་རྒྱས་པའི་ལྟ་བ་གདེང་དུ་བྱས་ཏེ།སྣང་སྤྱོད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པར་འཆར་བའི་ལྷ་སྐུའི་རྣལ་འབྱོར་ལ་གསལ་སྣང་རབ་ཀྱི་མཐར་ཐུག་པ་ཐོབ་ཅིང་།ཡི་དམ་ལྷའི་བསྙེན་པ་དུང་ཕྱུར་དགུ་ལྷག་ལྗགས་བཟླས་གནང་བས་མཚོན་བསྙེན་སྒྲུབ་ཚད་དུ་འཁྱོལ་པས་ལས་བཞིའི་ཕྲིན་ལས་ཀུན་ལ་ཐོགས་པ་མེད་པའི་མཐུ་ཐོབ་ཅིང་།ཤེས་རབ་རྫོགས་པའི་རིམ་པ་ནང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་འཁོར་ལྔའི་རླུང་སེམས་ལས་སུ་རུང་སྟེ་སྲོག་རྩོལ་གྱི་རྒྱུ་བ་དབུ་མར་ཐིམ་ཞིང་རོ་རྐྱང་གི་མདུད་པ་ལྷོད་པས་ཐིག་ལེ་གནད་དུ་ཆུན་ཏེ་ཡུངས་འབྲུ་ཙམ་གྱི་ཀུན་དཱ་ཕྲ་མོའང་མི་ཉམས་པའི་འཕོ་མེད་ཚུལ་ཁྲིམས་དམ་པ་ལ་མངའ་དབང་འབྱོར་ནས།དེའི་བོགས་འདོན་དུ་གཞན་ལུས་ཐབས་ལྡན་གྱི་ཉེ་རྒྱུའི་སྤྱོད་པ་ལ་རོལ་པའི་དུས་རྟགས་རྟེན་འབྲེལ་མངོན་དུ་གྱུར་ཀྱང་ཇི་བཞིན་བདག་གིར་མ་བཞེས་པའི་ཚུལ་འོག་ཏུ་གསལ་ལོ།།ཁྱད་པར་དུ་སྔར་ངོ་འཕྲོད་པའི་རང་བཞིན་ཡེ་གནས་ཀྱི་བསམ་གཏན་དང་།རང་ངོ་རང་གསལ་གྱི་ལྷག་མཐོང་ཟུང་དུ་འཇུག་པ་བྱར་མེད་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་རིག་པ་རྩལ་རྫོགས་ཏེ་གོང་འཕེལ་ཉམས་ཀྱི་རྣལ་འབྱོར་ལ་བརྟན་པ་ཐོབ་སྟེ་ཆེད་དུ་བརྗོད་པ་ནི།ལྟ་བའི་ཉམས་མགུར་རྩེ་མཐོ་བྲག་རིའི་སྒྲ་བརྙན་ལས།སེམས་རྣམ་རྟོག་ཤར་ཆ་རླུང་ཆེན་བཞིན་འཚུབས་ཀྱང་།།གཞི་རིག་སྟོང་རྟོགས་པའི་རྩི་སྨན་ཞིག་ཐེང་ཚེ།།དེ་ཕན་གནོད་བྲལ་བ་ཁང་སྟོང་གི་ནང་དུ།།འཇབ་མཁས་པའི་རྐུན་མ་བྱུང་བ་བཞིན་གསལ་འདུག།ཚུལ་འདི་ལ་བརྩོན་པའི་རྒྱང་ཐག་ཅིག་བསྲིངས་ཚེ།།གནས་གསེར་གྱི་གླིང་དུ་ས་རྡོ་ཡིས་དབེན་བཞིན།།རྩལ་རྣམ་རྟོག་ཡོད་རིགས་ཆོས་སྐུ་རུ་གྲོལ་ཞེས།།ཕ་བླ་མའི་གསང་གཏམ་ཡོད་ཚོད་དུ་གླེང་འདུག།ཅེས་སོ།།དེ་ལྟར་ཉམས་སུ་བླངས་པས་སྣང་བ་ཐམས་ཅད་དཔེ་ཆར་ཤར་ཏེ།དེ་སྔ་སྐར་རྩིས་ཙམ་མ་གཏོགས་ཐུན་མོང་གི་རིག་གནས་རྣམས་ལ་ཆེད་དུ་སྦྱང་བརྩོན་མ་བྱས་ཀྱང་།སྒོམ་བྱུང་གི་ཀློང་ནས་ཐོས་པའི་ཤེས་རབ་ཐོགས་མེད་དུ་རྡོལ་བའི་ཚུལ་གྱིས་རང་བྱན་ཆུད་པར་མ་ཟད་གསོ་བྱེད་ཡན་ལག་བརྒྱད་པའི་མན་ངག་གི་གནད་ཀུན་འདུས་པའི་བསྟན་བཅོས་ཤིག་ཐུགས་ལ་ཤར་ཡང་དེ་དུས་རྐྱེན་དབང་གིས་བཏང་སྙོམས་སུ་མཛད་པར་གསུངས་ཤིང་།ཡང་དེའི་རྗེས་སུ་ཀ་ཙན་དབྱངས་གསུམ་གྱི་གནད་བཅུད་དུ་དྲིལ་བའི་ལེགས་སྦྱར་གྱི་སྒྲ་རིག་པའི་བསྟན་བཅོས་ལྡེབ་ལྔ་བརྒྱར་ལོངས་སྙམ་བྱེད་པ་ཞིག་བརྩམས་ནས་མཇུག་རྫོགས་ལ་ཉེ་བའི་སྐབས་སུ་ཚོགས་འདུ་ཞིག་ལ་ཞུགས་དགོས་བྱུང་ནས་རྟེན་འབྲེལ་གྱི་སྣ་ཁ་རལ་བས་འཕྲོ་ཅན་དུ་གྱུར།གཞན་རྩིས་ཀྱི་བསྟན་བཅོས་དཔལ་དུས་ཀྱི་འཁོར་ལོ་དང་།གཡུལ་ལས་རྣམ་པར་རྒྱལ་བའི་དགོངས་དོན་དཀྱུས་གཅིག་ཏུ་བཀོད་པའི་གཞུང་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་ཆ་ལག་དང་བཅས་པ་ནི་ད་ལྟའང་བཞུགས་ལ།དེ་ཡང་སྦྱར་བྱང་དུ་གསལ་བ་ལྟར།འདི་ཉིད་ཀྱི་གཞུང་དོན་དངོས་རྩོམ་པ་ལ་ཞུགས་ཉིན་གྱི་སྔ་དྲོར་ལྷ་ལམ་འགེངས་པའི་ཆུ་འཛིན་གྱི་བཀོད་པ།གྱེན་འགྲེང་།རྩིབས་ཤར།ཟླུམ་སྐོར་སོགས་ཤིན་ཏུ་ངོ་མཚར་བ་མང་པོའི་དབུས་སུ།ལྷ་ཀླུ་བོད་ཡིག་གི་རྣམ་པའི་ཐིག་ལེ་ཡིག་དྲུག སྟོང་ཆེན་ཡིག་ལྔའི་སྣང་བ་མུ་མེད་པ་ཐམས་ཅད་ལ་མཐུན་པར་སྣང་ཞིང་།ཡུལ་འདིར་སྔོན་ལྷགས་མ་མྱོང་བའི་འཇོལ་མོ་རི་སྐེག་ནེ་ཙོ་སོགས་བྱ་རིགས་གྲངས་གཟུང་བར་དཀའ་བ་མང་པོས་མགྲིན་པའི་རོལ་མོ་བར་མེད་དུ་དཀྲོལ་ཏེ་མ་བརྩལ་རང་ཤར་གྱི་མཆོད་རྫས་ཀྱི་ཚོགས་རྣམས་རང་འགྲིག་ཏུ་གྱུར།ཁྱད་པར་འཇོལ་མོ་གཡུའི་འདབ་མ་ཅན་གྱིས་བདེ་སྟོང་དབྱེར་མེད་པའི་དོན་མཚོན་བྱེད་ཐིག་ལེ་ཡིག་དྲུག་དང་།སྟོང་ཆེན་ཡི་གེ་ལྔ་པའི་སྒྲ་དབྱངས་རང་གི་སྐད་གདངས་བཞིན་བཀླག་པ་དང་།ཉིན་གུང་གི་ཆ་ལ་ནགས་ཀྱི་བུ་མོ་ཀོ་ཀི་ལ་ཡུལ་འདིར་གསར་དུ་ཐོན་ནས་དབྱར་དུས་མགྲོན་དུ་འབོད་ཕྱིར་སྐད་འགྱུར་ལྷང་ལྷང་ངོམ་པ་དང་ཆབས་ཅིག་དབྱར་རྔའི་རྟ་ལ་ཞོན་པའི་སུམ་རྩེན་བདུད་རྩིའི་ཟིལ་བ་ཕྱོགས་ཀུན་ཏུ་མཉམ་པར་འཐོར་བས་མི་ནོར་ཀུན་རང་བཞིན་གྱིས་དགའ་སྤྲོའི་དཔལ་ལ་སྤྱོད།ཁྱད་པར་ནང་ཉམས་སུ་བོད་དུ་མ་འགྱུར་བའི་དུས་འཁོར་རྒྱུད་ཀྱི་ཚིགས་བཅད་འགའ་རེ་ཡིད་ལ་ཤར་བ་དང་།སྟོང་གཟུགས་ཀྱི་རྟགས་སྣང་མཐའ་ཀླས་པ་མངོན་སུམ་བློ་ཡི་དགའ་སྟོན་དུ་གྱུར།རྩོམ་པའི་དུས་ཚོད་ཀྱང་དཔལ་ལྡན་དུས་ཀྱི་འཁོར་ལོ་བཀའ་བསྡུ་བྱས་ཏེ་ལས་ཅན་དག་པའི་འཁོར་ལ་སྣང་བར་མཛད་པའི་ལོ་ཟླ་ཞག་དུས་དང་བཅས་པ་དང་བསྡུས་པའི་རྒྱུད་ཆེན་གསུངས་པའི་ཟླ་ཚེས་རྣམས་དང་མ་བསྒྲིགས་རང་འགྲིག་ཏུ་གྱུར་ཏེ་ལེགས་པར་བརྩམས་པའི་གཞུང་ངོ་མཚར་ཅན་ཞིག་ཏུ་འདུག འདི་དག་གིས་མཚོན་ཐ་སྙད་གཙུག་ལག་གི་གནས་མཐིལ་ཕྱིན་པ་མཁྱེན་པའི་གཟིགས་པ་མཁའ་ལྟར་རྒྱས་ཀྱང་ཕལ་མོ་ཆེར་དགོས་པ་ཆུང་བར་དགོངས་པ་སོགས་ཀྱིས་ཡི་གེར་དགོད་རྒྱུ་སོགས་མ་བྱུང་ངོ་།།

  སྤྱིར་རྗེ་འདི་ཉིད་ཀྱི་གསུང་རྣམས་རྟོག་གེའི་རིགས་པས་དཔྱད་པ་ཉི་ཚེ་བས་བྱས་ཤིང་བྲི་བསུབ་ལ་ཁ་ལག་མི་དལ་བ་ཕལ་གྱི་དེ་ལྟར་མ་ཡིན་ཏེ།བླ་མ་དང་ལྷག་པའི་ལྷའི་ཐུགས་རྒྱུད་བསྐུལ་ཅིང་མཉམ་པར་བཞག་པའི་སྟོབས་ཁོ་ནས་ཐོལ་བྱུང་ཆུ་བོའི་རྒྱུན་བཞིན་དུ་ཤར་མར་འབྲི་བ་ལས།དཔེ་གཞན་ཡིག་ལྡེབ་གཅིག་ལའང་གཟིགས་རྟོག་གི་རྩོལ་བ་དང་།ཚིག་གི་ལྷུ་འགྲིག་མི་འགྲིག་དང་།དོན་གྱི་གནད་དང་འགལ་མི་འགལ་སོགས་ཀྱི་དཔྱད་ར་མི་དགོས་པར་མ་ཟད།ཟུར་ནས་གཞན་དང་གསུང་གླེང་མཛད་བཞིན་དུ་མིག་འཕྲུལ་བཞིན་འབྲི་རྒྱུ་མཆིས་པའང་།ཕྲན་བུ་ཅག་གིས་ཡི་གེ་པ་བགྱིད་སྐབས་མཐོང་ཐོས་མངོན་སུམ་པ་ལགས་སོ།།གལ་ཏེ་ཚིག་རེ་ཟུང་ལུས་པ་ལྟ་བུ་ཡོད་ཚེ་དེ་ཁོ་ན་ཐུགས་ལ་འབུར་དུ་ཐོན་པའི་ཚུལ་གྱིས་དཔེ་ཐོག་ཏུ་མ་བཀོད་པར་ཁམས་མི་བདེ་སྙམ་བྱེད་པ་ལྟ་བུ་ཡོད།དེ་དག་ཀྱང་རེ་རེ་ནས་ཟབ་ལ་ལུང་རིགས་དང་འབྲེལ་བ།ཚིག་སྙན་ཞིང་གོ་བདེ་བ།བྱིན་རླབས་ཀྱི་ཚན་ཁ་རྨད་དུ་བྱུང་བ་སོགས་ཏེ།མདོར་ན་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་ཁམས་ཡི་གེའི་སྤྲིན་དུ་དག་ནས་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་སྤེལ་བ་ཤ་སྟག་ཡིན་པས་ཀུན་མཁྱེན་ཆེན་པོ་དང་འཇམ་མགོན་མི་ཕམ་པ་སོགས་ཀྱི་རྡོ་རྗེའི་གསུང་རྣམས་དང་རྣམ་དབྱེ་ཅུང་ཟད་ཀྱང་བྱར་མེད་ཅིང་།བྱིན་རླབས་དང་གོས་པ་སོགས་ཀྱང་གཞན་ལས་ཁྱད་དུ་འཕགས་པར་ཤེས་པར་བྱ་སྟེ།ཉིད་ཀྱི་གསུང་ལས་ཀྱང་།ངས་བྲིས་པ་འདི་རྣམས་རིག་འཛིན་བརྒྱུད་པའི་བྱིན་རླབས་སྙིང་ལ་ཞུགས་པ་ལས་བྱུང་བ་ཁོ་ན་ལས་མ་བརྟགས་པར་བྲིས་པ་ནི་གཅིག་ཀྱང་མེད་པས་དགོས་པ་རེ་ཡོད་མཆི་ཡང་།ཆོས་ཉམས་སུ་ལེན་པས་ཕོངས་པ་མ་གཏོགས་ཆོས་ཀྱི་ཕོངས་པ་སུ་ལའང་མི་འདུག་པས་མཁས་གྲུབ་སྔ་མ་དག་གི་གསུང་རྣམས་གཙོ་བོར་བྱ་དགོས་ཞེས་གསུངས་པ་དངོས་སུ་ཐོས་སོ།།དེ་ནས་དགུང་ལོ་ཉེར་བཞི་བར་གནུབས་ཟུར་དགོན་དུ་འཇིགས་མེད་ཆོས་ཀྱི་ཁྲི་ལ་རོལ་ནས་འདུལ་བ་མཚོ་དང་མངོན་པ་མཆིམས་གཉིས་ཀྱིས་མཚོན་གཞུང་བཀའ་པོད་ལྔ་དང་།སུམ་རྟགས་སྙན་ངག་སོགས་ཉེ་བར་མཁོ་བའི་ཐ་སྙད་གཙུག་ལག་དང་བཅས་པ་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་རླབས་པོ་ཆེས་བསྟན་འགྲོའི་དོན་ཁོ་ནར་དགོངས་ཏེ་ཟང་ཟིང་ལ་མ་ལྟོས་པར་ཆོས་ཀྱི་སྦྱིན་པས་སྐལ་བ་དང་ལྡན་པའི་སློབ་བུ་དག་ཚིམ་པར་བསྐྱངས་ཏེ་སྨིན་གྲོལ་གྱི་ལམ་ལ་བཀོད། 

  སྔ་ཕྱིར་དགོན་ལུང་བུམ་པའི་ཁ་ནས་ཆུ་གཏེར་ངོ་མཚར་ཅན་དང་།གནུབས་ལུང་སྟོད་དུ་གནས་སྒོ་ཆེན་པོ་ཞིག་འབྱེད་དུ་ཡོད་པ་རྟེན་འབྲེལ་འཕྱུགས་རྐྱེན་གྱིས་ཇི་བཞིན་མ་གྲུབ་ཀྱང་སྒྲུབ་ཕུག་ཡ་མཚན་པ་ཞིག་བཏོད་པ་སོགས་གྲུབ་པའི་རྟགས་ཀྱང་ཅི་རིགས་པ་བསྟན་ཅིང་།སྐབས་ཤིག་ན་བུད་མེད་གཞོན་ནུ་མ་ཞིག་མདུན་དུ་ལྷགས་ནས་རང་གཉིས་ལ་སྔོན་གྱི་སྨོན་ལམ་གྱི་གཏད་རྒྱ་ཡོད་ཚུལ་དང་།ཁོ་མོ་ཁྱོད་ཀྱི་ལས་ལྡན་གྱི་གཟུངས་མ་ཡིན་པས་འདིར་འོངས་ཚུལ་སོགས་གླེང་བ་ན།རྗེ་ཉིད་ཀྱི་ཐུགས་དགོངས་ལ་སྤྱིར་ཚེ་འདིའི་བསྟོད་སྨད་ལ་རེ་བ་མེད་ཅིང་ཟབ་མོའི་ལམ་གྱི་མན་ངག་ལ་བརྟེན་ནས་་་་་འཇིག་རྟེན་འདས་པའི་ཤུལ་ལམ་སྙེག་པའི་རིག་པ་འཛིན་པ་རྣམས་ལ་ནི།ཇི་སྐད་དུ།སྒྱུ་མ་དག་ནི་ཐམས་ཅད་ལས།།བུད་མེད་སྒྱུ་མ་ཁྱད་པར་འཕགས།།ཞེས་གསུངས་པ་ལྟར།མཆོག་ཏུ་བསྔགས་པ་ཡིན་ཡང་།དེང་སང་རྒྱུད་ཚོད་སོ་སྐྱེ་ལས་ཅུང་ཟད་ཀྱང་མ་འཕགས་ཤིང་འདོད་ཆགས་རང་ག་མའི་གཞན་དབང་དུ་གྱུར་པ་རྣམས་ཀྱིས་ཀྱང་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཅི་དགའ་ཅི་དགར་འཆོལ་ཉོག་ཏུ་སྤྱོད་པའི་དུས་འདིར་བསྟན་པའི་མིག་ལྟོས་ལེགས་པ་ཞིག་བྱེད་པར་དགོངས་ནས་བདག་གིར་མ་བཞེས་སོ།།དེ་ནས་རིང་པོར་མ་ཐོགས་པར་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་བླ་མ་བློ་གྲོས་ཀྱི་མདུན་དུ་བྱོན་ནས་སྔར་གྱི་བྱུང་ཚུལ་རྣམས་སྙན་དུ་ཞུས་པ་ན།ཁོང་ཐུགས་ཤིན་ཏུ་འགྱོད་པའི་ཚུལ་མཛད་ནས།གངས་ཅན་པ་རྣམས་བསོད་ནམས་རེ་ཆུང་།ད་ཅི་བྱར་ཡོད།དེ་བས་ད་ནས་བཟུང་མཁའ་འགྲོའི་བསྙེན་སྒྲུབ་ཚད་ལྡན་རེ་དང་ཚོགས་མང་གི་ཁྲོད་དུ་སྦྱོར་བསྟོད་རེ་ཐོས་པར་སྒྲོགས་དང་།སྐུ་ཚེའི་མཇུག་ཏུ་སློབ་ཚོགས་ཀྱི་འདུ་བ་རྒྱས་པར་འགྱུར་བས།དེའི་ཚེ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་འཇམ་མགོན་མི་ཕམ་རྣམ་གཉིས་ཀྱི་ལེགས་པར་བཤད་པ་རྣམས་ཀྱིས་གཙོས་མདོ་སྔགས་ཀྱི་གཞུང་དག་ལ་འཆད་ཉན་མཛོད་དང་།བསྟན་འགྲོའི་དོན་རྒྱ་ཆེན་པོ་ཕྱོགས་མེད་དུ་འབྱུང་ཚུལ་སོགས་གསུངས་སོ།།དེ་ནི་སྔར་གྱི་ལུང་བྱང་ལས།སྨན་བདུད་རྩིའི་དཔལ་འཛིན་ཆོས་དབྱིངས་མས།།ལས་སྨོན་དང་ཐབས་ཀྱིས་བསྐུལ་བྱས་ནས།།ཟབ་གཏེར་ལྔའི་སྒོ་འཕར་འབྱེད་ནུས་ན།།དུས་འཁྲུགས་ཀྱི་རྒུད་པ་དབྱིངས་སུ་ཞི།།བོད་གངས་ཅན་ལ་བདེ་བའི་ཉི་མ་འཆར།།ཞེས་གསུངས་པའི་ལུང་དོན་ཐོག་ཏུ་བབ་ཀྱང་གདུལ་བྱའི་བསོད་ནམས་ཀྱི་སྐལ་བ་དམན་པའི་དབང་གིས་དེ་ལྟར་མ་བྱུང་བར་སྣང་ངོ་།།

  དེ་ནས་བཟུང་རྟེན་འབྲེལ་གྱི་སྣ་ཁ་རལ་བའི་རྐྱེན་གྱིས་སླད་ནས་ལྷང་བྲག་སོགས་སུ་མ་ཕེབས་བར་དུ་ས་གཏེར་གྱི་སྐལ་བ་ལ་ཇི་བཞིན་དབང་བསྒྱུར་མི་ནུས་པའི་ཚུལ་བསྟན་ཅིང་།དེའི་རྒྱུ་མཚན་ཡང་།སྔོན་ཨོ་རྒྱན་ཆེན་པོས་གཏེར་འབྱིན་གྱི་སྐྱེས་བུ་རྣམས་ལ་བདེ་སྟོང་གཉིས་སུ་མེད་པ་མཚོན་བྱ་དོན་གྱི་ཡེ་ཤེས་ཀྱི་དགོངས་པའི་མཐིལ་གཏད་ནས་མཚོན་བྱེད་བརྡའི་ཡི་གེ་ཆིག་བརྒྱུད་དུ་བཀོད་ནས་རྡོ་རྗེའི་བྲག གཡང་ཞག་གི་མཚོ།མི་འགྱུར་བའི་སྒྲོམ་སོགས་སུ་སྨོན་ལམ་གཏད་རྒྱ་དང་བཅས་རྒྱས་བཏབ་པ་ཡིན་པ་གང་ཞིག དེ་ལྟ་བུའི་ཡེ་ཤེས་དེ་དངོས་རིག་ལས་ཀྱི་ཕྱག་རྒྱ་ལ་མ་བརྟེན་པར་ཚེགས་མེད་དུ་ལམ་དུ་བྱེད་མི་ནུས་པས་སོ།།

  དགུང་ལོ་ཉེར་དྲུག་པར་སླར་ཡང་མདོ་སྨད་སེངྒེའི་ཡང་རྫོང་དུ་རི་ཁྲོད་བཏབ་ཅིང་ཚེ་བློས་བཏང་གི་སློབ་མ་རྣམས་ལ་མདོ་སྔགས་སྤྱི་དང་ཁྱད་པར་མཛོད་ཆེན་བདུན་སོགས་རིག་སྟོང་ཆོས་སྐུའི་དགོངས་པ་ལ་བཙན་ཐབས་སུ་དཀྲི་བའི་ཟབ་ཆོས་རྣམས་རྩལ་དུ་བཏོན་ནས་ཕྲིན་ལས་ཕྱོགས་སུ་སྤེལ།འདི་དུས་ཤིག་ན་ནུབ་གཅིག་རྨི་ལམ་འོད་གསལ་ངང་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དུ་བྱོན་ནས་རིག་འཛིན་མཁའ་འགྲོ་མང་པོ་ལས་གདམས་པ་ནོད་ཅིང་།ཁྱད་པར་དུ་ནུབ་ཕྱོགས་ཀྱི་ཕོ་བྲང་ཉམས་དགའ་བ་ཞིག་ནས་ཨོ་རྒྱན་རཀྴ་ཐོད་ཕྲེང་གི་སྐུ་དྲུང་དུ་ལྷགས་ཏེ་ཚོགས་ཀྱི་དགའ་སྟོན་ལ་རོལ་ཅིང་རྡོ་རྗེའི་གླུས་དགྱེས་པ་བསྐྱེད་ནས་ཐུགས་དམ་བོགས་འདོན་མཛད་དོ།།དེ་ནས་མི་རིང་བར་དུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་བ་ནས་བཟུང་ཆོས་བཞིན་སྤྱོད་པའི་སྐྱེ་བོ་ཕལ་མོ་ཆེ་ཉམ་ཉེས་ཤིང་མིང་གི་ལྷག་མར་གྱུར་པ་ན།རྗེ་ཉིད་ཀྱིས་རྩ་གསུམ་ཀུན་འདུས་ཆོས་སྐྱོང་དགྲ་བླའི་རྒྱལ་པོ་ལ་སྡོང་གྲོགས་ཕྲིན་ལས་ཀྱི་མདོ་བཅོལ་བས་གླགས་མ་རྙེད་པ་ཡིན་ཏེ།དེ་ཡང་ཇི་ལྟར་ན།ཉིན་ཞིག་ཚོགས་འདུ་ཛ་དྲག་ཅན་ཞིག་འཚོགས་ཏེ་སང་གི་དུས་སུ་བླ་མ་དང་མཆེད་གྲོགས་དག་ལ་བརྡེག་བཙོག་དང་ངན་སྨྲས་དགོས་ཚུལ་འཇིགས་པའི་ང་རོར་དྲངས་ཏེ་སྙིང་འདར་བའི་ཚོད་དུ་བསྒྲགས་པ་ན།དེ་ནུབ་ཆོས་རྗེ་དམ་པས་རྡོ་རྗེའི་ཆོས་སྐྱོང་བའི་དགྲ་བླ་ཆེན་པོ་ལ་གློ་བུར་ལས་བཅོལ་གྱི་གཏོར་མ་ཕུལ་ཏེ་འདོད་དོན་གསོལ་རྗེས།ནམ་སྨད་ཙ་ན་ཞལ་གྱི་པགས་པ་འཐུག་པོར་གྱུར་ཏེ་ཤིན་ཏུ་སྐྲང་སྙམ་བྱེད་པ་ལ་ཐོ་རངས་ཁར་མདུན་ན་འཁོད་པ་དག་ལ་བལྟར་བཅུག་པས་ཐམས་ཅད་ཀུན་ཧ་ལས་པར་བྱེད་ཅིང་།ཁྱོད་ཀྱི་བཞིན་རས་ལ་ལྟ་མི་ཕོད་པ་ཞིག་ཏུ་གྱུར་འདུག་ཞུས་པས་ཐུགས་རབ་ཏུ་དགའ་སྟེ་ལས་བྱེད་མི་སྣ་ཟུར་དུ་བོས་ནས་ཁྱོད་རང་རྣམས་ཀྱིས་ལྟོས་བྱས་པས།ཀུན་སྔངས་ཤིང་སྐྲགས་ནས་འདིའི་ནད་བབ་ཤིན་ཏུ་ལྕི་བས་ཁོ་ཁྱིམ་ཚང་ལ་ངོ་འཕྲོད་པ་ཁག་ཐེག་བྱེད་དགོས་ཟེར་ནས་ཕྱིར་དེངས་པར་གྱུར་ཏོ།།དེ་ནས་བཟུང་འགུལ་སྤྱོད་དྲག་པོ་རེའི་གདོང་ལ་བབ་ཚེ་སླར་སྐྲང་འོང་ཞིང་།མཇུག་རྫོགས་ཚེ་ཞི་འགྲོ་བ་ཞིག་ཡིན་པར་གསུངས།ཡང་སྐབས་ཤིག་ན།མ་བསྡམས་པའི་སྐྱེ་བོ་དག་གི་ངག་ལས་རྗེ་ཉིད་ཀྱི་འབྱོན་བཞུགས་སྤྱོད་ལམ་ལ་དོགས་པ་སྐྱེས་ཏེ་ཁྱིམ་སློག་པར་མི་སྣ་འགའ་ཆེད་དུ་བཏང་སྐབས།ཁོང་གི་རུ་བ་སྔར་གྱི་ཁ་མལ་དུ་ཡོད་ཀྱང་དེ་དག་གིས་འདྲི་རྩད་མང་པོ་བྱས་ནས་ཇི་ལྟར་བཙལ་ཀྱང་མ་རྙེད་དེ་ཕྱིར་ལོག་པ་དེར་ཡོད་ལས་བྱེད་པ་འགས་ད་དུང་ཡ་མཚན་པའི་གཏམ་དུ་ཟློ་བཞིན་ཡོད་པ་ཐོས་ཤིང་།འདིའི་རྐྱེན་བྱས་ཏེ་ཆོས་སྐྱོང་ལ་གཏང་རག་ངོ་མཐོན་གྱི་ཚུལ་དུ་བསྟོད་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་བྱ་བ་ཞིག་མཛད་པ་ད་ལྟ་གསུང་ཐོར་བུར་བཞུགས་སོ།།

  ཡང་བར་ལམ་ཞིག་ན་ཉིད་ཀྱིས་མཛད་པའི་གེ་སར་གྱི་ལས་ཆོག་དྲུང་ན་མོ་ཞིག་གི་ལག་ཏུ་ཡོད་པ་སྟབས་མ་ལེགས་པའི་དབང་གིས་མ་རུངས་ལས་བྱེད་འགས་གྱ་གྱུའི་སྦྱོར་བ་ལ་བརྟེན་ནས་མངོན་དུ་ཕྱུང་སྟེ་ཁྲི་མུན་ལ་འཛུད་དུ་ཉེ་བ་ན།གློ་བུར་དུ་གང་ལས་བྱུང་བ་མ་ཤེས་པར་ཕྱག་དཔེའི་གྲས་སུ་ཚུར་ཚུད་ནས་ཁྲིམས་ཁང་དུ་འབྱོན་དགོས་མ་བྱུང་བ་ཡིན་ལ་འདི་འདྲའི་རིགས་གཞན་ཡང་མང་པོ་སྐབས་ཅི་རིགས་པར་གླིང་རྗེ་དཔོན་བློན་རྣམས་ཀྱིས་དངོས་ཉམས་རྨི་ལམ་དུ་དག་པའི་གཟིགས་སྣང་བྱུང་བ་ཡང་།དཔེར་མཚོན་ཙམ་དག་སྣང་ཆོས་སྐོར་ལས།རབ་རྒྱལ་ས་བྱ་ཟླ་ཚེས་ལ།རིག་པ་འགྱུར་མེད་ཡེ་ཤེས་ཀྱི་སྐྱེས་བུ་ཆེན་པོའི་བླ་མའི་རྣལ་འབྱོར་ཉམས་སུ་བླངས་ནས་ཞག་བདུན་གྱི་ཐོ་རངས་ཁར་རྨི་ལམ་འོད་གསལ་འདྲེས་པའི་སྣང་བ་ལ།རིན་པོ་ཆེ་སྣ་ཚོགས་ཀྱིས་བྱས་པའི་མཁར་ཡིད་དུ་འོང་བ་ཞིག་གི་སྒོ་དྲུང་དུ་ཐོན་སྐབས།བུད་མེད་གཞོན་ནུ་ཤིན་ཏུ་མཛེས་པ་ཕྲུག་ཚར་གཟི་བྱུར་སོགས་རྒྱན་ཆ་མང་པོ་མདོ་ཁམས་སྨད་ཀྱི་ཡུལ་སྲོལ་ལྟར་བཏགས་པ་ཞིག་གིས།བདག་གི་ལག་པ་ལ་འཇུས་ནས་ཁོ་མོའི་ཚེ་རབས་ཀྱི་སྙིང་གྲོགས་དམ་པ་ཁྱེད་འདིར་འོངས་པ་ཤིན་ཏུ་དགའ།ཁོ་མོ་ནེའུ་ཆུང་སེམས་ཀྱི་འཁྲི་ཤིང་ཡིན་པ་ངོ་ཤེས་སམ།རང་རེ་ཨ་ཕའི་དྲུང་དུ་འགྲོ་ཟེར་ནས་མཁར་དེའི་ཉི་མཐོངས་སུ་ཁྲིད་ནས་ཐོན་པ་ན།དེར་སྟག་ཤར་ཚར་གཡོག་ནག་པོ་ཅན་གྱོན་པ་སྐུ་ལ་གཟི་བརྗིད་བལྟར་མི་བཟོད་པ་ཅུང་ཟད་བགྲེས་ཉམས་ཅན་གཡས་གཡོན་གྱི་སར་མདའ་གཞུ་ཤུབས་ལྡན་བཞག་པ།ལག་ན་རལ་གྲི་མེ་ཡི་ཚྭ་ཚྭ་འཕྲོ་བ་ཤིན་ཏུ་རྣོ་ངར་དང་ལྡན་པ་ཞིག་ཕྱི་བརྡར་བྱེད་བཞིན་དུ་སྡོད་པ་མཐོང་ཚེ།བདག་གིས་འདན་མ་ཡིན་ནོ་སྙམ་པའི་སྣང་བ་ཤར་ནས་དགའ་དད་ཤིན་ཏུ་སྐྱེས་ཏེ་པང་དུ་མགོ་བཞག་ཅིང་མཆི་མ་ཕྱུང་ཚེ།ཨ་ཕའི་གཅེས་ཕྲུག་ད་ནི་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་གཟུགས་འཛམ་གླིང་སེང་ཆེན་གྱི་སྐུ་དྲུང་དུ་འགྲོ་གསུངས་ནས་གཟིམ་ཤག་ནོར་བུའི་བང་མཛོད་ཡིན་ཟེར་བའི་ཁང་བུ་ཤེལ་དམར་ལས་བྱས་པ་དགོས་འདོད་སྣ་ཚོགས་དང་གླེགས་བམ་དང་སྐུ་གཟུགས་དུ་མས་བརྒྱན་པ་ཞིག་གི་ནང་དུ་སོན་ཚེ་གཟིམ་མལ་གོས་འབོལ་མང་པོ་བརྩེགས་པའི་སྟེང་དུ།སྐྱེས་བུ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཀྱིས་བརྒྱན་པ།ཕྱག་གཡས་སྣ་ཚོགས་དར་གྱིས་བརྒྱན་པའི་རྡོ་རྗེ་རྩེ་ལྔ་ནམ་མཁའ་ལ་ཕྱར་བ།གཡོན་ན་ནོར་བུ་སྔོན་པོ་འོད་འཕྲོ་བ་ཞིག་བསྣམས་པ།སྐུ་ལ་གོས་ཆེན་ས་ལམ་དམར་པོའི་ཟླ་གམ་གསོལ་བ་༼རྒྱན་ཆ་གཞན་ཡིད་ངོར་འཆར་མ་ནུས་མཆན།༽ཞིག་མཇལ་བའི་ཚེ།བདག་ལ་དད་གུས་ཚད་མེད་པ་སྐྱེས་ནས་སྐྱེས་བུ་ཆེན་པོའི་པུས་མོ་ལ་མགོ་བོ་གཏུགས་ནས་སྐྱེས་བུ་ཆེན་པོ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐའ་དག་བདག་གི་རྒྱུད་ལ་འཕོས་ནས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།ཞེས་སྨྲས་ཚེ་ཕྱག་གཡས་པས་སྣ་ཚོགས་རྡོ་རྗེ་མཁའ་ལ་གཡུག་བཞིན་དུ་ཚིག་བདུན་གསོལ་འདེབས་དང་།གནས་མཆོག་འདི་རུ་བྱིན་ཕོབ་ལ།།སྒྲུབ་མཆོག་བུ་ལ་དབང་བཞི་སོགས་གསུངས་ནས་རྡོ་རྗེ་མགོ་ཐོག་ཏུ་བཞག་པར་མཛད་རྗེས་བདག་སྐུ་དྲུང་དུ་ཐལ་མོ་སྦྱར་ཏེ་བསྡད་ཚེ།ཐ་མལ་གྱི་སྣང་ཤེས་དབྱིངས་སུ་ཐིམ་ནས་རིག་སྟོང་འོད་གསལ་ཆེན་པོ་མངོན་དུ་གྱུར།ཕ་འདན་མའང་རྗེ་རྒྱལ་པོའི་རྟེན་མའི་གམ་དུ་གྲུམ་ཙེ་ཁ་གང་བ་ཞིག་གི་སྟེང་དུ་བཞུགས་ཏེ་མཆོད་རྫས་སྣ་ཚོགས་ཀྱང་རང་འཁྲུངས་སུ་གྱུར།ནེའུ་ཆུང་དབྱིངས་ཀྱི་ཌཱ་ཀིས་རྡོ་རྗེའི་གླུས་སྤྲོ་བ་བསྐྱེད་པའི་མཐར་ཕྱི་ཕྱག་བགྱིས་ཏེ་ཁོ་བོ་ལ་འགྲོ་གསུངས་ནས་ཁྲིད་ཆས་བྱེད་སྐབས་མནལ་སད་སོང་།ཡང་རྗེས་སོར་ལྕགས་ཁྱི་ཟླ་པའི་ཚེས་ནུབ་མོར་རཏྣ་གླིང་པ་ཡིན་སྙམ་པའི་གཏེར་སྟོན་ཞིག་མཇལ་བའི་རྨི་སྣང་དུ་སྔ་སོར་ཁྱོད་རྨི་ལམ་འོད་གསལ་སྐབས།གླིང་རྗེ་བློན་ཞལ་འཛོམས་དུས་ནེའུ་ཆུང་གི་གླུ་དེ་ད་ལྟ་སུས་བཏོན་ཀྱང་བྱིན་རླབས་ཤིན་ཏུ་ཆེའོ་ཞེས་གསུངས་སྣང་ཤར་ཞེས་འབྱུང་ལ།ད་ལྟ་གླུ་དེ་གསུང་འབུམ་ཁྲོད་དུ་བཞུགས་སོ།།དེ་བཞིན་དུ་རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ཧོར་ཟླ་ཚེས་ཀྱི་སྔ་དྲོར་དག་པའི་སྣང་བ་ལ་མདུན་གྱི་ནམ་མཁར་འོད་ཟེར་མུ་མཐའ་མེད་པའི་ཀློང་ནས་འཛམ་གླིང་སེང་ཆེན་རྒྱལ་པོ་མི་དཀར་རྟ་དམར་ཅན།སྟེང་འོག་བར་གསུམ་ན་ལྷ་ཀླུ་གཉན་གྱི་དམག་ཚོགས་དང་།དཔའ་ཐུལ་སྟོང་དང་དགུ་བརྒྱ་དང་།ཡང་འཁོར་འབུམ་ཁྲི་འབུམ་སྟོང་རྣམས་མངོན་སུམ་དུ་མཇལ་ཏེ་དགྲ་བླའི་གད་རྒྱངས་ཞེས་པའང་མཛད།གཞན་བླ་མ་རྣམས་ཀྱིས་ཀྱང་།དུས་སྐབས་འདི་ཞེས་བྱ་བར།མི་འདི་ཞེས་བྱ་བས།གཏམ་འདི་ཞེས་བྱ་བ་ལབ་པའི་སྐབས།ལན་འདི་དང་འདི་ལྟར་གདབ་དགོས་ཞེས་བསླབས་པ་སོགས་མང་ཡང་རེ་རེ་ནས་སྤྲོར་མི་ལང་།

  མདོར་ན་འདི་དུས་རྣམས་སུ་མ་ཎི་རྡོག་པོ་གཅིག་འདོན་པ་ཐོས་ཀྱང་གཤེ་བ་དང་།བརྡེགས་པ་དང་།གོ་རར་གཞུག་པའི་གྲངས་སུ་བགྲང་བར་འོས་པ་དེ་ལྟ་ནའང་སྐྱབས་རྗེ་ཉིད་ཀྱིས་ཞུམ་མེད་རླབས་པོ་ཆེའི་ཐུགས་བསྐྱེད་ཀྱི་ཉེར་ལེན་དང་།རྩ་གསུམ་ཆོས་སྐྱོང་སྲུང་མའི་ཕྲིན་ལས་ཀྱི་ལྷན་ཅིག་བྱེད་རྐྱེན་ཚོགས་པ་ལས།དེའི་རིང་ལའང་སྦས་ཡུལ་རི་སུལ་རྣམས་སུ་ཡིད་རྟོན་རུང་བའི་སློབ་མ་དག་ལ།མདོ་སྔགས་ཀྱི་གཞུང་བཤད་དང་།དབང་ལུང་ཁྲིད་གསུམ་འཆད་སྤེལ་གྱི་བྱ་བས་དུས་འདའ་བར་མཛད་ནས་ཆོས་ཁྲིད་རྒྱུན་གཅོད་དགོས་མ་བྱུང་བ་དེ་གཞན་ལ་དཀོན་པའི་ཁྱད་ཆོས་ངོ་མཚར་ཅན་ཞིག་ཏུ་སྣང་ངོ་།།དུས་འདི་དག་གི་ཚེ་རབ་ཏུ་བྱུང་བ་མཆིས་སོ་ཅོག་བཙན་ཐབས་ཀྱིས་བསླབ་པ་ལས་ཕབ་ཅིང་ངུར་སྨྲིག་གི་རྒྱལ་མཚན་དོར་དུ་བཅུག་སྟེ་སྤྱོད་ལམ་ཅི་བདེར་སྤྱོད་པའི་རང་དབང་མེད་པར་ཁྱིམ་པ་རྣམས་དང་ལྷན་ཅིག་ཏུ་ས་རྐོ་རྡོ་སློག་སོགས་སྡིག་པའི་གཡོ་བཀོལ་འབའ་ཞིག་གིས་དུས་འདའ་དགོས་བྱུང་ཡང་།རྗེ་ཉིད་ཀྱིས་ནི་སྒོ་གསུམ་གྱི་ཉེས་སྤྱོད་ཆེད་དུ་སྡོམ་མི་དགོས་པར་རང་བཞིན་ཤུགས་ཀྱིས་སྲོག་གཅོད་པ་ལ་སོགས་པའི་ཁ་ན་མ་ཐོ་བ་དག་གཏན་ཏུ་སྤངས་པ་ཡིན་པས་སྡིག་ལས་ཕྲ་མོ་ཙམ་ཡང་བྱས་པ་མེད་ལ།རང་གིས་སེམས་ཅན་གཞན་གྱི་ལུས་དང་སེམས་ལ་གནོད་པ་ལྟ་ཅི་སྨོས་ཏེ།གཞན་གྱིས་དེ་ལྟར་བྱེད་པ་མཐོང་བའི་ཚེའང་ཐུགས་བཟོད་གླགས་མེད་པའི་སྙིང་རྗེའི་གཞན་དབང་དུ་གྱུར་ཏེ་སྙིང་རླུང་གི་སྙུན་གཞིའང་སླར་ལྡང་བ་མང་དུ་མཐོང་སྟེ།ལྷང་བྲག་ཏུ་བཞུགས་སྐབས་ཤིག་ལ།སྐྱེ་བོ་འགའ་ཞིག་གིས་ཁྱི་རྐུན་ཞིག་བཟུང་ནས་མནར་གཅོད་བྱེད་ཀྱིན་འདུག་པ་གཟིགས་པས་གློ་བུར་དུ་ཐུགས་ཀྱིས་མ་བཟོད་པར་བཤུམ་མོ་དྲག་ཏུ་མཛད་ནས་ཁམས་འདུས་པའི་ཚུལ་བསྟན་པ་ན།དེ་རྣམས་ཀྱི་ཡིད་བློང་བློང་བོར་གྱུར་ཏེ་འགྱོད་སྡོམ་བྱས་པ་ལྟ་བུ་ཡིན།འདི་དག་ནི་ནང་དུ་ཚད་མེད་པའི་སྙིང་རྗེ་ཆེན་པོ་བཅོས་མིན་རྒྱུན་ཆགས་སུ་མངའ་བའི་འབྲས་རྟགས་ཡང་དག་ཡིན་ནོ།།དེ་ལྟ་བུའི་དབང་གིས་འདི་དུས་རྣམས་སུ་ཆོས་ལ་གནག་ཅིང་སྡིག་ལ་རྔམ་པའི་སྐྱེ་བོ་མ་རུངས་པ་ང་རྒྱལ་དང་ཁོང་ཁྲོའི་དབུགས་རྒོད་སྟོད་དུ་བརྩེགས་པ་རྣམས་ཀྱིས་ཀྱང་།རྗེ་འདི་ཉིད་ཀྱི་ཞལ་མཇལ་མ་ཐག་ཏུ་གདུག་རྩུབ་ཀྱི་བསམ་སྤྱོད་རང་སར་ཞི་སྟེ།རབ་ཏུ་དགའ་བ་ལས་བྱུང་བའི་མཆི་མས་མིག་བརླན་ནས་རིམ་གྲོ་ལ་བརྩོན་པ་དང་།དེ་བཞིན་དུ་དྲུང་ན་གནས་པའི་སྲོག་ཆགས་ཐམས་ཅད་ཀྱང་སྔོན་རྒྱལ་སྲས་ཐོགས་མེད་བཟང་པོའི་རྣམ་ཐར་ཇི་ལྟ་བར་ཕན་ཚུན་བྱམས་པའི་སེམས་དང་།སྙིང་རྗེའི་སེམས་དང་།སྙིང་ཉེ་བའི་སེམས་ཀྱིས་གནས་ཏེ།སྦྲུལ་དང་སྲེ་མོང་།ཁྱི་དང་རི་བོང་།ར་མ་དང་སྤྱང་ཀི་རྣམས་ལྷན་ཅིག་ཏུ་འགྲོགས་ནས་སྡོད་པ་ཀུན་གྱིས་མཐུན་སྣང་དུ་གྲུབ་ཅིང་།ད་ལྟའང་གནས་འདིར་ཡོད་པའི་འཕྱི་བ་རྣམས་ལ་གནོད་པ་བྱེད་པ་བྱུང་བའི་ཚེ་ཧ་ལི་ནེའུ་ལེ་ཞེས་པ་ཞིག་ཡོད་པ་དེས་སྲོག་བསྡོས་ཀྱིས་དེ་སྐྱོབ་ཐབས་ལ་བརྩོན་པ་སྙིང་རྗེ་བ་ལྟར་འདུག་པ་སོགས་འདི་འདྲའི་རིགས་མང་ལ།དེ་དག་ནི་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས་ཏེ་དབང་འབྱོར་བའི་སྟོབས་ལས་བྱུང་བར་བལྟ་སྟེ།སྔོན་མཁན་ཆེན་བྱང་ཆུབ་རྩེ་མོས་ཆོས་རྗེ་རྒྱལ་སྲས་པ་ལ།དུད་འགྲོ་དེ་ཀུན་གྱི་བྱེད་ལུགས་དེ་རང་ངོ་མཚར་ཆེ།བྱང་ཆུབ་ཀྱི་སེམས་འདི་འབྱོངས་ཙ་ན་གང་ཡང་དབང་དུ་འདུ་བ་ཞིག་ཡིན་པར་འདུག་ཅེས་བསྔགས་པ་བརྗོད་པ་དང་ཚུལ་མཐུན་པའི་ཕྱིར་རོ།།

  དེ་དག་ལས་ཀྱང་བདག་ཉིད་ཆེན་པོ་ཉིད་གང་དུ་བྱོན་པའི་རྗེས་སུ་འབྲང་ཞིང་།གསོལ་ཆས་ཡོ་བྱད་རྣམས་ཁུར་ནས་འགྲོ་བ་ལ་ཤིན་ཏུ་སྤྲོ་བའི་ར་མ་ནག་པོ་ཞིག་ཡོད་པ་དེར་ལོ་བཅུ་དྲུག་གི་རིང་ལ་ཆོས་གང་གསུང་རྣམས་ཉན་དུ་བཅུག་ཅིང་གཟུངས་སྔགས་ཟབ་མོ་རྣམས་རྣ་བར་བཟླས་ཏེ།ཅི་ཞིག་ན་ཚེ་འཕོས་ཏེ་སླར་རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ཟླ་ཚེས་སྔ་དྲོར་ལྷའི་བུ་ཡིད་དུ་འོང་བའི་རྣམ་པས་རྗེ་ཉིད་ཀྱི་མདུན་དུ་ལྷགས་ཏེ།ཁོ་བོ་ཉིད་ཀྱི་བྱིན་མཐུ་ལ་བརྟེན་ཏེ་ཤི་མ་ཐག་ཤམ་བྷ་ལར་རིགས་ལྡན་མ་འགགས་པས་ཆོས་གསུང་ཚད་ལ་མཉན་པར་དབང་བའི་སྐད་གཉིས་སྨྲ་བའི་ནེ་ཙོ་བློ་ཤིན་ཏུ་གསལ་བ་ཞིག་ཏུ་སྐྱེས།དེ་ནས་འཕོས་ཏེ་ཟླ་བ་གཅིག་ལྷག་ཙམ་ཡིན།ད་སྐབས་མངོན་པར་དགའ་བའི་ཞིང་ཁམས་ན།མི་ཕམ་རྒྱ་མཚོ་བྱང་སེམས་འཇིགས་པ་ཀུན་སྐྱོབ་ཀྱི་སྐུར་བཞེངས་པའི་ཞབས་འབྲིང་དུ་གྱུར་ཡོད་ཅིང་།འདིར་འོང་དོན་ནི་ཞེས་གསང་གཏམ་མང་པོ་བཤད་ནས་སོང་ངོ་།།དེའི་ཕྱི་དྲོ་ཚོགས་པའི་དབུས་སུ་རྗེ་ཉིད་ཀྱིས།ད་ནས་བཟུང་བདག་ཅག་གིས་དམན་པའི་རིགས་སུ་གཏོགས་ཤིང་ལས་ངན་པའི་འབྲས་བུ་ལ་སྤྱོད་པའི་དུད་འགྲོ་སོགས་སྲོག་ཆགས་ཆེ་ཕྲ་ཀུན་གྱི་རྣ་ལམ་དུ།སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་བྱིན་རླབས་ཅན་རེ་ཐོས་པར་བསྒྲགས་ན་ཕན་ཡོན་ཤིན་ཏུ་ཆེ་བར་འདུག་སྟེ་སྤྱིར་ཟོག་པོའི་བླུན་གཏམ་འདི་རིགས་འཆད་པ་ལ་ངོ་གནོང་མོད།ཁྱེད་རྣམས་ཡིད་ཆེས་སྐྱེད་པའི་ཕྱིར་དུ་ཡིན་ཞེས་དེ་ཉིན་སྔ་དྲོའི་བྱུང་ཚུལ་གསུངས་པས་སྐྱེ་བོ་བརྒྱ་ཕྲག་དུ་མ་ལས་རྒྱུ་འབྲས་ཀྱི་གནས་ལ་ལྷག་པར་ཡིད་ཆེས་པར་གྱུར་ཏོ།།

  དེ་ལྟར་ཆོས་རྗེ་ཉིད་ཀྱི་དྲུང་ན་མོ་སྐལ་ལྡན་རེ་ཟུང་ལ་འཆད་ཉན་གྱི་རྒྱུན་མ་ཆད་པ་ཙམ་ལས་གཞན་གངས་ལྗོངས་ཀྱི་ཡུལ་གྲུ་ཐམས་ཅད་ན་བསྟན་པ་རིན་པོ་ཆེ་ནི་མིང་གི་ལྷག་མ་ཙམ་དུ་གྱུར་ཏེ་འགྲོ་མགོན་དམ་པའི་སྐྱེས་བུ་ཕལ་མོ་ཆེ་ནི་ཞི་བར་གཤེགས།ལ་ལ་ནི་ཡུལ་གཞན་དུ་བཞུད།གསར་བུ་རྣམས་ཀྱིས་ནི་བསྟན་པ་ཞེས་པ་ཅི་ཞིག་ལ་ཟེར་བ་ཙམ་ཡང་མི་ཤེས་ཤིང་།ཆོས་འཛིན་པ་ཉིན་སྐར་ལས་དཀོན་པས་ཆོས་ལྡན་བོད་ཀྱི་རྒྱལ་ཁམས་དེ་ཆོས་མེད་ཀླ་ཀློའི་ཡུལ་དུ་གྱུར་ནས་བགྲང་བྱ་བཅུ་ཕྲག་གཉིས་ཙམ་འདས་སོ།།དེ་ནས་རྗེ་ཉིད་ཀྱིས་གོ་ཆ་ཆེན་པོའི་ཐུགས་བསྐྱེད་དུས་སུ་སྨིན་ཏེ་རབ་རྒྱལ་ལྕགས་སྤྲེལ་ལོའི་སྤྲེལ་ཟླའི་ཚེས་བཅུ་ལ་སྔོན་གནོད་སྦྱིན་ཤན་པ་དམར་པོས་ས་གནད་བཙལ་ཞིང་།འཇའ་ལུས་གྲུབ་པ་བཅུ་གསུམ་བྱོན་པའི་གདན་ས།དམ་སེལ་གྱི་སྐྱོན་གྱིས་མ་གོས་པའི་དབང་གི་གནས་ཁྱད་པར་ཅན་གསེར་ལྗོངས་བླ་མ་རུང་ངམ་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་དུ་བྱོན་ནས་སླར་ཡང་བཤད་སྒྲུབ་ཀྱི་རྒྱལ་མཚན་ཆེས་ཆེར་སྒྲེང་བར་མཛད།དེ་ནི་སྔོན་ས་སྤྲེལ་ལོར་གནས་འདིར་སློབ་མ་འགའ་ལ་སྒྱུ་འཕྲུལ་གསང་སྙིང་གི་དབང་གནང་བའི་སྐབས་མཁན་སྒེག་རྡོར་ལ་ཞལ་ཀྱལ་གྱི་ཚུལ་དུ།ད་སྟེ་ལོ་བཅུ་གསུམ་སོང་བའི་སྤྲེལ་གྱི་ལོར་བདག་གིས་གནས་འདིར་ཆོས་གྲྭ་ཆེན་པོ་ཞིག་འཛུགས་རྒྱུ་ཡིན།དེ་ཚེ་ཉིན་སྲིབ་གཉིས་ཀ་ཐོས་བསམ་པ་དང་བསམ་གཏན་པས་གང་ནས་འོང་།ཁྱེད་རང་ཐོས་བསམ་པ་བྱེད་དམ་བསམ་གཏན་པ་བྱེད་ཅེས་གསུངས་པ་དང་།གོང་དུ་དྲངས་པའི་དུས་གསུམ་སྒྲིབ་མེད་དུ་མཁྱེན་པ་རྣམས་ཀྱིས་རྡོ་རྗེའི་གསུང་གིས་བསྔགས་པའི་མཛད་པ་དེ་ཉིད་ཀྱི་དུས་སུ་བབ་པ་ཡིན་ནོ།།

  དེ་ནས་དགུང་གྲངས་ལྔ་བཅུ་བའི་དུས་སུ་སྙིང་རླུང་གི་སྙུན་གཞི་དྲག་པོ་བཞེས་པའི་ཚུལ་བསྟན་ནས་སྐབས་དེར་ཡུལ་ཁམས་སྤྱི་ལ་སྙིང་རླུང་དང་བད་ཀན་གྱི་ནད་ཆེན་པོ་མཆེད་དུ་ཉེ་བས་དེ་ཉིད་ཡོངས་སུ་ཞི་བར་མཛད།དེ་ལྟར་ཡང་གྲུབ་པའི་གཏེར་ཆེན་སྒྲིབ་བྲལ་རིག་པའི་རྡོ་རྗེའི་ལུང་བསྟན་ལས།སྙིང་རླུང་སྐབས་སུ་ལྡང་ཡང་སྲིད།།བདེ་སྟོང་རྡོ་རྗེའི་རླུང་གིས་སྦྱོང་།།འབྲེལ་ཚད་གྲོལ་བའི་རྣལ་འབྱོར་འོང་།།ཞེས་གསུངས་སོ།།དེ་ཚེ་གྲུབ་དབང་དཔལ་འབྱོར་རྒྱ་མཚོས་དགུང་ཀེག་ལྷག་མེད་དུ་བསལ་ནས་བསྟན་འགྲོའི་རྩ་ལག་དམ་པར་སྐུ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ངོ་བོར་བཞུགས་སུ་གསོལ་བས་ཟླ་བ་སྒྲ་གཅན་ལས་གྲོལ་བ་བཞིན་དུ་སྙུན་ལས་ཐར་བར་གྱུར་ཏོ།།དེ་ལྟར་ཡང་གཏེར་ལུང་ལས།ལྔ་བརྒལ་དཀའ་མཁའ་སྤྱོད་མཁའ་འགྲོས་བསུ།།དེ་ཚོགས་འབུམ་བསུ་ཟློག་རྒྱ་ཆེན་སྤྲོ།།ཐབས་རྟགས་དང་རྟེན་འབྲེལ་མ་གཡེལ་ན།།དྲུག་བ་གམ་སྟོད་པའི་རྟེན་འབྲེལ་མཆིས།།རྗེ་རྔ་ཡབ་གླིང་པའི་བཞེད་དོན་འགྲུབ།།ཞིང་དྷཱུ་མ་ཐ་ལར་ཨེ་མ་རྨད།།ཅེས་གསུངས་སོ།།འདི་ཡས་མས་སུ་མི་མ་ཡིན་རྣམས་ཀྱང་མི་ཡི་གཟུགས་སུ་འོངས་ཏེ་རྗེ་ཉིད་ཀྱི་དྲུང་དུ་ཆོས་མཉན་པའི་ཚུལ་ངོ་མཚར་བ་འགའ་ཞིག་མཁན་ཏེ་པ་དང་ཆོས་པད་སོགས་ཀྱིས་མཐོང་།འདི་སྐབས་ཐེངས་ཤིག་འཇམ་དཔལ་གྱི་ཚོགས་མཆོད་ཅིག་ཕུལ་ནས་དྲང་བའི་དུས་སུ་ཡར་བཞེངས་ཏེ་ཕྱག་བར་སྣང་ལ་བཟེད་པས་སྒྲོམ་བུ་ཞིག་ཕྱག་ཏུ་བབས་པ་དེར་གནས་ཐམས་ཅད་ཀྱིས་མཇལ།རེ་ཞིག་ནས་སློབ་ཚོགས་ཀྱི་འདུ་བ་དབྱར་གྱི་ཆུ་གཏེར་བཞིན་འཕེལ་བ་རྣམས་ལ་བཤད་སྒྲུབ་ཀྱི་རྒྱུན་བསྐྱངས་ཏེ་མདོ་ཕྱོགས་ནས་གཞུང་པོ་ཏི་ལྔ་པོ་ཡོངས་རྫོགས་དང་།སྔགས་ཕྱོགས་ནས་ཟབ་མོ་རྒྱུད་སྡེ་དང་སྒྲུབ་སྡེའི་དགོངས་འགྲེལ་རྣམས་དང་།ཁྱད་པར་ཐེག་དགུའི་རྩེ་མོ་འོད་གསལ་རྫོགས་པ་ཆེན་པོའི་མན་ངག་གི་བཤད་པ་དང་།ཐུན་མོང་གི་རིག་གནས་དང་བཅས་པ་ལ་འཆད་ཉན་རྒྱ་ཆེར་མཛད།དུས་འདིར་རྒྱལ་དང་རྒྱལ་སྲས་རྣམས་ཀྱི་ལེགས་བཤད་ཕལ་མོ་ཆེ་འབྱུང་བཞིའི་རྡུལ་དང་བསྲེས་པར་གྱུར་ཅིང་།ལུས་པ་རྣམས་ཀྱང་མུན་པའི་ཁྲོད་ན་ལྟ་རྟོག་བྱེད་མཁན་ཙམ་ཡང་མེད་པའི་སྐབས་སུ་འཆི་ཁ་མ་ལ་སྲོག་གི་ཟུངས་བསྩལ་བ་ལྟ་བུ་མཛད་ནས་བསྟན་པའི་མེ་རོ་རྨང་ནས་བསླངས་པ་ཡིན་ནོ།།

  ཐེངས་ཤིག་རྨི་ལམ་འོད་གསལ་གྱི་སྣང་བ་ལ་གཏེར་ཆེན་ལས་རབ་གླིང་པ་ཉིད་བྱོན་ནས་བདག་གི་ཆོས་འདི་ཡོངས་རྫོགས་ཁྱོད་ལ་གཏད་པ་ཡིན་ནོ་ཞེས་གསུངས་པ་བྱུང་།སྤྱིར་ལས་གླིང་གི་ཆོས་དེ་དག་ཤིན་ཏུ་བཀའ་གཉན་ཡང་དེ་ཕྱིན་དབང་སྐུར་སོགས་ཅི་བྱས་ཀྱང་ཆོས་སྐྱོང་གིས་རུ་ང་ཡེ་མི་བྱེད་པར་གསུངས།ཤིང་བྱི་ལོའི་སོས་ཀར་ཕྱོགས་ཀྱི་དགེ་འདུན་ཉིས་སྟོང་ལྷག་ལ་སྙིང་ཐིག་ཡ་བཞིའི་དབང་ལུང་དང་།བྱང་ཆུབ་ལམ་རིམ་ཆེན་མོའི་ཁྲིད་གནང་།ལོ་འདིའི་དགུན་དུས་སུ་གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གསུང་སྐབས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་།མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱིས་ཞལ་གཟིགས་ཏེ་སྒྱུ་འཕྲུལ་གྱི་དབང་ཞིག་བསྐུར་བས་དེ་དང་མཐུན་པར་དབང་ཆོག་སྒྲུབ་ཐབས་དང་བཅས་པ་ཞིག་མཛད།ཚིག་དབང་གི་སྐབས་སུ་ཟུར་ལུགས་དང་མཐུན་པ་ཞིག་ཡིན་ཡང་དག་སྣང་དུ་བསྐུར་བའི་དབང་ཉིད་དེ་ཁོ་ན་ལྟར་དུ་འདུག་པས་མ་བཅོས་པ་ཡིན་གསུངས།ཤིང་གླང་ལོར་དགེ་འདུན་སུམ་སྟོང་ལྷག་ལ་ལས་རབ་གླིང་པའི་གཏེར་བྱོན་བཀའ་ཡོངས་རྫོགས་འདུས་པའི་དབང་ལུང་གནང་།སྐབས་འདིར་དུས་དབང་གིས་བསྟན་པ་ཆེས་རྙོག་མ་ཅན་དུ་གྱུར་པ་ལ་རྒྱལ་གསུང་དཔང་པོར་བྱས་ཏེ་དག་ཐེར་མཛད་ཅིང་བླང་དོར་གྱི་དམིགས་ཕྱེས་པ་ཡིན་ཏེ།དེ་ཡང་ཡོན་ཏན་ཐམས་ཅད་ཀྱི་གཞི་ནི་ཚུལ་ཁྲིམས་ཡིན་པས་བསྐྱེད་རྫོགས་ཀྱི་ཡོན་ཏན་མངོན་གསལ་ཅན་སོགས་རེ་ཟུང་མ་གཏོགས་ཐམས་ཅད་རབ་བྱུང་ངུར་སྨྲིག་འཛིན་པར་བསྒྱུར།དེ་དག་ཀྱང་འདུལ་བ་ལུང་དང་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ཇི་སྐད་གསུངས་པ་བཞིན་སོ་སོར་ཐར་པ་དང་སྔགས་ཀྱི་སྡོམ་པ་སྔར་ཉམས་པ་སླར་གསོ་རུང་བ་རྣམས་གསོས།གཏན་མི་རུང་བ་རྣམས་དགེ་འདུན་གྱི་ཚོགས་ལས་བསྐྲད་ཅིང་སྡིག་ལྟུང་འདག་པའི་ཐབས་ལ་བརྩོན་དགོས་པ་དང་།དེ་ལྟའི་མཆོད་གནས་ཀྱི་སྡེ་གཉིས་པོ་དེས་ཀྱང་བྱ་བ་གཞན་ཕལ་ཆེར་བསྐྱུངས་ཏེ་སྡེ་སྣོད་གསུམ་ལ་འཆད་ཉན་སྒོམ་སྒྲུབ་ལྷུར་བླངས་ཏེ་ལུང་རྟོགས་ཀྱི་བསྟན་པ་འབའ་ཞིག་འཛིན་དགོས་པ་དང་།དེ་ལྟར་བྱས་པ་དེའང་ཆོས་བརྒྱད་དང་མི་བསྲེ་བར་རང་གཞན་གྱི་དོན་གཉིས་འགྲུབ་པའི་རྒྱུར་འགྲོ་བ་ཞིག་བྱས་ནས་འདུས་སྡེ་དག་ཀྱང་ཁྱིམ་པའི་སྐྱེ་བོ་རྣམས་ཀྱིས་ཕྱག་འཚལ་བ་དང་ཡོན་འབུལ་བ་སྐྱབས་སུ་འགྲོ་བའི་འོས་སུ་གྱུར་པ་ཞིག་བྱེད་དགོས་པ་རྣམས་འབྱམས་ཡིག་ཏུ་སྤེལ།དེ་ནི་བསྟན་པ་རིན་པོ་ཆེ་འདིར་སྲོག་ལའང་མི་བལྟ་བར་

  ཞབས་ཏོག་ཅིག་བསྒྲུབ་དགོས་སྙམ་དུ་སྐུ་ཚེ་ཧྲིལ་པོར་ཐུགས་ལ་བཅགས་པའི་དོན་ཡིན་ལ་དེར་མདོ་ཁམས་ཀྱི་དགོན་སྡེ་ཆེས་མང་པོ་འདུས་པ་ཀུན་གྱིས་དེ་བཞིན་སྒྲུབ་པ་ལ་ཐུགས་མཐུན་དང་དམ་བཅའ་ཕུལ།ཕྱིས་འདི་ལ་ཁ་ཟེར་བ་ཅི་རིགས་བྱུང་ཡང་སྐུ་སྲོག་དང་བསྡོས་ཏེ་བརྩོན་པ་མཛད་པས་མཐར་རྗེ་ཉིད་ཀྱི་ཐུགས་བསྐྱེད་དུས་སུ་སྨིན་པའི་མཐུས་ཕལ་མོ་ཆེའི་བློ་ཁ་ལེགས་པའི་ལམ་དུ་ཕྱོགས་ནས་ད་ལྟ་ཕྱོགས་ཀུན་ནས་བསྟན་པ་དག་ཐེར་གྱི་བགྱི་བ་མི་དམན་པ་ཙམ་འགྲུབ་བཞིན་པ་ལགས་ཤིང་།དེ་ལྟར་འགལ་རྐྱེན་བརྩམས་པའི་ཚེ་ནའང་རྗེ་ཉིད་ཀྱི་ཞལ་ནས།བདག་གིས་བསྟན་པ་ལ་དག་ཐེར་འདི་མ་བྱས་པའི་སྔ་རོལ་ན་སེར་སྐྱ་ཀུན་གྱི་ཁྲོད་དུ་མི་དགའ་མཁན་གཅིག་ཀྱང་མེད།དག་ཐེར་འདི་བྱས་པའི་རྐྱེན་གྱིས་དྲག་ཞན་ཐམས་ཅད་ཀྱི་ཁྲོད་ནས་འགའ་ཞིག་གིས་དགྲ་ལྟར་ལྟ་བར་བྱེད་མོད།འོན་ཀྱང་བདག་རང་གི་ཀུན་སློང་ནི་སྙིགས་མ་ལྔ་ཆེས་བདོ་བས་རྒྱལ་བསྟན་ཉི་ཞུར་ཙམ་དུ་གྱུར་པའི་དུས་ཀྱི་ཐ་མ་འདིར་ཉི་མ་གཅིག་ཙམ་ལའང་བསྟན་པ་རྣམ་དག་འདི་གནས་ཐབས་ཤིག་བྱུང་ན་སྙམ་པའི་རེ་བ་ཡིད་ལ་བཅགས་པ་ལས་རང་དོན་ཅུང་ཟད་ཀྱང་མེད་པ་ནི་མཆོག་གསུམ་དཔང་པོར་བྱས་ནའང་ངོ་གནོང་ཅུང་ཟད་ཀྱང་མེད་པ་ཡིན་པས།བྱ་བ་འདིའི་ཕྱིར་རང་གི་སྲོག་འདི་འདོར་དགོས་བྱུང་ནའང་དགའ་བ་ལས་འགྱོད་པ་ཕྲན་བུའང་མེད།རྒྱལ་སྲས་ཆེན་པོ་ཞི་བ་ལྷས།འགྲོ་མང་རྡོག་པས་བདག་གི་སྤྱིིར་འཚོག་གམ།།འགུམ་ཡང་མི་བསྡོ་འཇིག་རྟེན་མགོན་དགྱེས་མཛོད།།ཅེས་གསུངས་པ་བཞིན་དུ་སེམས་ཅན་གཅིག་ལའང་གནོད་པ་མི་བྱེད་པའི་གོ་ཆ་ཡང་ཡང་བགོས་ཡོད་པས་གནོད་བྱེད་དེ་དག་ལའང་སྙིང་རྗེ་བ་ལས་འཁོན་འཛིན་མི་བྱེད་པར་དམ་བཅའ་བ་ཡིན་ཞེས་ཚོགས་པ་སྟོང་ཕྲག་གི་ཁྲོད་དུའང་གསུངས།དེ་ལྟར་ལུང་དང་རྟོགས་པའི་བསྟན་པ་ཁོ་ན་ལ་རྟག་ཏུ་སེམས་པར་མཛད་པ་ཡིན་པས་བསྟན་འཛིན་གྱི་སྐྱེས་བུ་ཞེས་པ་དེ་འདི་ལྟ་བུ་ཞིག་ལ་ཟེར་བ་ལོས་ཡིན་སྙམ་དུ་སུས་ཀྱང་མི་ལྡོག་པའི་དད་པ་གཏིང་ནས་རྙེད་སླ་བ་ཡིན་ནོ།།

  དེ་ནས་ཡོངས་རྫོགས་འདུས་པའི་ཁྲིད་ཡིག་ལས་གླིང་གི་དུས་སུ་ཡི་གེར་བཀོད་ཟིན་ཀྱང་།ཇི་སྐད་དུ།མདོ་བྱང་ཕྱི་མའི་ཕྱི་མ་ལས།ལས་གླིང་དུས་བླངས་མ་སྤེལ་བ༔ཁ་ཚང་རྣམས་དང་ཕྱེད་ཆ་སོགས༔ལས་གླིང་མི་སྣང་འདས་སྐབས་སུ༔ཕྱི་མས་སྤེལ་ཕྱིར་མཁའ་འགྲོས་ཁྱེར༔ཞེས་སྐུ་སྐྱེ་ཕྱི་མས་སྤེལ་བར་ལུང་བསྟན་པ་ཉིད་གཏེར་ནས་འདྲེན་པ་དང་།ཡོངས་རྫོགས་འདུས་པའི་སྒྲུབ་ཆེན་འཛུགས་པ་སོགས་ཀྱི་ཕྱིར་དུ་དམིགས་ནས་ལོ་དེའི་དབྱར་དུས་སུ་ཉག་རོང་བསྐལ་བཟང་དགོན་དུ་བྱོན།དེར་བཞུགས་རིང་ལ་སྔོན་དགུང་གྲངས་ཉེར་ལྔ་ཉེར་དྲུག་གི་དུས་བཞིན་དུ་གཏེར་འདོན་པ་དང་མངོན་ཤེས་སོགས་ལའང་ཐོགས་པ་མེད་པ་ཞིག་བྱུང་གསུངས།བསྙུན་གཞིའང་གཏན་སངས་སུ་གྱུར་ཏེ་ཞལ་རས་གཞོན་ཤ་རྒྱས་པ་ལྟ་བུའི་དྭངས་པ་སྔར་དང་མི་འདྲ་བ་ཞིག་བྱུང་བ་གསལ་པོར་མཐོང་ངོ་།།དེ་ཚེ་ཉིན་རེ་བཞིན་ཡུལ་མི་སྟོང་ཕྲག་དུ་མ་འདུས་པ་རྣམས་ལ་རྔོན་རྐུ་སོགས་སྤྱོད་ངན་རྣམས་རྒྱུན་བཅད་དེ་དགེ་སྦྱོར་ལ་བརྩོན་དུ་བཅུག་སྟེ་ཡུལ་དེར་གནས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཐར་པའི་ལམ་སྣ་ཟིན་པར་མཛད།

  ཉིན་ཞིག་ལྷང་བྲག་ལ་གནས་སྐོར་དུ་བྱོན།གནས་ཀྱི་གཡས་ཟུར་ན་ཕ་བོང་སྦྲ་ལྟ་བུའི་སྟེང་ན་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྟག་གི་རྗེས་ཡིན་ཟེར་བ་ཡོད་པ་དེའི་སྟེང་དུ་བྱོན་ནས་ཉམས་འུར་ཏེ་རྡོ་དེའི་ཐོག་ཕྱག་མཛུབ་ཀྱི་རྗེས་གསལ་པོ་ཞིག་བཞག་པ་མཇལ་དུ་ཡོད།ཛམ་བྷ་ལའི་གནས་མདུན་དུ་འབྱོར་ཚེ་བྲག་ལ་ཐོགས་མེད་དུ་འཛེགས་ཏེ་པདྨ་སཾ་བྷ་ཝའི་སྐུ་ཞིག་དང་སྒྲོམ་བུ་གསུམ་ཙམ་ཞིག་གཏེར་ནས་བཞེས།གཟིམ་གུར་དུ་འབྱོར་ཚེ་སྒྲོམ་བུ་གཅིག་མི་འདུག་པས་འཕྲལ་དུ་འཁོར་རྣམས་བསྡུས་ནས་གེ་སར་སྐྱེས་བུ་ཆེན་པོ་ལ་ཕྲིན་བཅོལ་བྱས་ཏེ་འགའ་ཞིག་འཚོལ་དུ་བཏང་བས་གཏེར་བཞེས་པའི་གནས་དེ་ཉིད་དུ་སུས་ཀྱང་མ་མཐོང་བར་འདུག་པ་རྙེད་ནས་བྱུང་།ཉིན་ཞིག་ལས་རབ་གླིང་པའི་གསུང་གི་ཁྲོད་དུ་ཡོངས་རྫོགས་འདུས་པའི་ཁྲིད་ཡིག་འཚོལ་དུ་ཕྱིན་ཀྱང་རྟེན་འབྲེལ་ཅུང་ཞིག་འཕྲོ་ཅན་དུ་གྱུར་ནས་ཁྲིད་ཡིག་མ་རྙེད་དོ།།དེར་ཞག་བཅུ་ཕྲག་གཉིས་ལྷག་བཞུགས་རིང་མཚན་ཉིད་དང་ལྡན་པའི་དགེ་སློང་བཅུ་ཚོགས་ལ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ཆིག་སྟོང་ལྷག་སྒྲུབ་ཏུ་བཅུག་སྟེ་ངུར་སྨྲིག་གི་སྡེས་ཀུན་ནས་ཁྱབ་པར་མཛད་དོ།།

  མེ་སྟག་ལོའི་སོས་ཀར་གྲུབ་མཐའ་རིས་མེད་ཀྱི་དགེ་འདུན་དྲུག་སྟོང་ལྷག་ལ་དཔལ་ལྡན་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་དང་།རྫོགས་རིམ་སྦྱོར་བ་དྲུག་གི་ཁྲིད་ཀྱང་གནང་ཞིང་།གྲུབ་མཐའ་ཐམས་ཅད་འགལ་མེད་དུ་སྒྲུབ་པར་མཛད་དེ།བཀའ་ལས།གངས་ཅན་འདིར་དར་བའི་གྲུབ་མཐའ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གདུལ་བྱ་སོ་སོའི་དབང་དུ་བྱས་ཏེ་མཛད་པའི་ཆོས་རྣམ་དག་ཤ་སྟག་ཡིན་པར་བདག་གཅིག་པུས་ལུང་དང་རིགས་པས་སྒྲུབ་དགོས་ནའང་ནུས་ལ།ཆོས་དེ་དག་གདུལ་བྱ་སོ་སོར་མི་ཕན་པ་ཚིག་གཅིག་ཀྱང་མེད།དེ་ལ་སྡང་ཞུགས་བྱས་ན་རང་ཉིད་ཀྱིས་ཆོས་སྤངས་ཏེ་རང་བརླག་པ་ལས་ཅི་ཡང་མེད།ཁྱད་པར་བསྟན་པ་ཉམས་དམའ་བའི་དུས་འདིར་ཕྱོགས་ཞེན་དེ་ལྟ་བུས་དགོས་པ་གཏན་ནས་མེད་ཅེས་གསུངས་ཤིང་དེ་བཞིན་དུ་ཐམས་ཅད་ལ་རྟག་ཏུའང་འདི་ལྟར་གསུང་བར་མཛད།དེ་ཙ་ན་སྔར་བྱས་པའི་འབྱམས་ཡིག་དེ་ཕྱོགས་ཕྱོགས་སུ་རང་ཤུགས་ཀྱིས་སོང་བས་ནག་པོའི་རྩ་ལག་ཏུ་གྱུར་པ་དག་འདི་ལ་འགལ་རྐྱེན་སྣ་ཚོགས་པ་རྩོམ་པ་བྱུང་བས།རྗེ་ཉིད་ཀྱི་ཐུགས་དགོངས་ལ་བདག་གིས་བསྟན་པ་ལ་དག་ཐེར་གྱིས་ཉམས་གསོ་བྱས་པ་འདི་བསྟན་པ་རིན་པོ་ཆེ་འདིར་ཕངས་སེམས་ཀྱིས་འདི་ལྟ་བུའི་འཆོལ་ཉོག་གི་ངང་དུ་བཏང་སྙོམས་སུ་འཇོག་མ་བཟོད་པ་འབའ་ཞིག་ཡིན་པར་ནི་རང་སེམས་དཔང་པོར་ཡོད་པ་འདི་ཡིན་ན་འདི་འདྲའི་སྒྲུབ་དཀའ་བ་ཅིས་ལན་སྙམ་དུ་ཐུགས་མུག་ཆེན་པོ་མཛད་པས།མེ་སྟག་ཧོར་ཟླ་༣ཚེས་༡ནུབ་རྨི་ལམ་འོད་གསལ་འདྲེས་པའི་སྣང་བར་ལྷག་པའི་ལྷས་རིགས་ཀྱི་བུ།ཁྱེད་སེམས་ཞུམ་མི་དགོས།ཁྱོད་ཀྱིས་བསྟན་པ་ལ་བྱ་བ་བྱེད་ནུས་པར་སྟོན་པ་ཉིད་ཀྱིས་འཇམ་དཔལ་རྩ་རྒྱུད་ན་འདི་ལྟར་ལུང་བསྟན་ཡོད་པས་བསྟན་འགྲོའི་དོན་འོང་ངེས་གསུངས།ནངས་སྔ་བར་མཁན་པོ་བསྟན་འཛིན་ནོར་བུ་སོགས་བོས་ཏེ་གླེགས་བམ་དེར་བལྟར་བཅུག་པས།ཡི་གེ་ཨ་མིང་བདག་ཉིད་ཆེ།།སྟོན་པའི་བསྟན་པ་གཅེས་འཛིན་བྱེད།།སོགས་གོང་དུ་དྲངས་པ་འདི་རྙེད་དོ།།

  ལོ་དེའི་ཟླ་༦ཚེས་༤ལ་དགེ་འདུན་སྟོང་གཅིག་གི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ།རབ་ན་འཛམ་གླིང་གི་སྐྱེ་འགྲོ་ཐམས་ཅད་ཐར་ལམ་དུ་འདྲེན་པ་དང་།ཐ་ནའང་བོད་གངས་ཅན་གྱི་སྐྱེ་བོ་ཡོངས་རྫོགས་ཐར་ལམ་ལ་འགོད་པ་ཞིག་ཅིས་ཀྱང་བྱེད་པར་དམ་བཅའ་མཛད།དེ་ནས་ཟླ་༧ཚེས་༢༠ཉིན་དག་པའི་སྣང་བ་ལ་རྗེ་བཙུན་ཙོང་ཁ་པའི་ཞལ་མཇལ།དེ་ཉིན་ལམ་གཙོ་ཞིག་གསུངས་ནས།ཆོས་འདིའི་བརྒྱུད་པ་ལ་ཁྱེད་རྣམས་དང་ཀུན་མཁྱེན་ཙོང་ཁ་པའི་བར་དུ་བདག་བས་གཞན་མེད།ཕྱིས་ཆོས་འདིའི་ཚིག་དོན་ལ་ཁ་ཏོན་དང་འཆད་ཉན་རེ་བྱས་ཤིང་བསྙུང་གནས་ཆ་བརྒྱད་རེ་བྱས་ན་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་རླབས་པོ་ཆེའི་མཐུས་ད་ལྟ་རྗེ་བླ་མ་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྙིང་པོའི་སྐུར་བཞེངས་ཏེ་བྱམས་པ་མགོན་པོའི་དྲུང་དུ་བཞུགས་པ་དེའི་འཁོར་དུ་སྐྱེ་ཞིང་།མ་འོངས་པ་ན་བདེ་གཤེགས་སེང་གེ་ང་རོའི་ངོ་བོར་འཚང་རྒྱ་བའི་ཚེ་འཁོར་གྱི་ཐོག་མར་སྐྱེ་བར་རྗེ་ཉིད་ཀྱིས་ཞལ་གྱིས་བཞེས་པ་ལས་བདག་གིས་བསྲེ་བསླད་ཅུང་ཟད་ཀྱང་མེད།འདི་དག་བདག་གིས་རྫུན་མ་ཡིན་ཏེ།སྔ་སོར་བསྟན་པ་ལ་ཉམས་རྒུད་ཆེན་པོ་བྱུང་ནས་བསླབ་པ་ལས་བཙན་ཐབས་སུ་འབེབས་པའི་དུས་ནའང་སྲོག་དང་བསྡོས་ཏེ་ཚུལ་ཁྲིམས་འདི་བསྲུངས་ནས་ཕམ་ལྷག་གི་ཉེས་སྐྱོན་གཏན་བྱུང་བ་མེད་ན།ད་ལྟ་ཐམས་ཅད་བདེ་ཞིང་སྐྱིད་པའི་ངང་དུ་ཡོད་དུས་མི་ཆོས་བླ་མའི་རྫུན་གྱིས་སྡོམ་པ་མི་གཏོང་བ་ཙམ་ཤེས་མོད།དགོས་པའི་དབང་གིས་བཤད་པས་ཡིད་ཆེས་པར་གྱིས་ཞེས་གསུངས་སོ།།དེ་ཡང་ཞལ་མ་མཇལ་བའི་སྔ་རོལ་དག་ཏུ་འདི་སྐད་གསུངས་པ་ཐོས་ཏེ།བདག་རང་ངོས་ནས་ཨོ་རྒྱན་ཆེན་པོ་དང་རྗེ་བླ་མ་གཉིས་ཐུགས་རྒྱུད་གཅིག་པར་འདུག་པས་དད་མི་དད་སྤུ་ཙམ་མེད་ཅིང་གཉིས་ཆར་ལ་ཡང་མཉམ་དུ་གསོལ་བ་འདེབས་པ་ཡིན་ཡང་རྗེ་བླ་མའི་བྱིན་རླབས་ཀྱི་རྟགས་མཚན་ལ་རྨི་ལམ་བཟང་པོ་ཙམ་ཡང་མ་བྱུང་།དེ་ཡང་རྗེ་བླ་མས་མ་མཁྱེན་སྙམ་པ་ཞེ་གཏིང་ནས་སྐད་ཅིག་ཙམ་ཡང་སྐྱེ་མ་མྱོང་མོད།འོན་ཀྱང་གྲུབ་མཐའ་འཆད་རྩོད་ཀྱི་དུས་སུ་ཁ་ཙམ་གྱིས་དགག་པ་ཅི་རིགས་བྱས་པས་ལན་པར་འདུག གྲུབ་མཐའི་ཁ་འཛིན་འདི་ལ་ཐམས་ཅད་ཀྱིས་གཟབ་དགོས་པར་སྣང་ཞེས་ལན་འགར་གདམས་པར་མཛད་དོ།།

  མེ་སྟག་ལོའི་དགུན་དུས་སུ་མི་ཉག་རབ་སྒང་གི་དགོན་སྡེ་རྣམས་ཀྱིས་གདན་འདྲེན་ཞུས་པས་ཁམས་ཕྱོགས་ཀྱི་གནས་ཆེན་རྣམས་དང་ཡུལ་དགོན་རྣམས་སུ་སོང་ན་བསྟན་འགྲོའི་དོན་ཆེན་མཆིས་པར་དགོངས་ནས་སྐུ་གསུང་ཐུགས་ཀྱི་གནས་ཆེན་རྣམས་ལས་ཐོག་མར་སྐུ་བསོ་ཐོག་གནས་སུ་བྱོན།དེ་ནུབ་མཚན་གང་བོར་གནས་ཀྱི་ནང་དུ་རོལ་མོ་སྣ་ཚོགས་ཀྱི་སྒྲ་གྲག་གོ་ཞེས་དེར་གནས་རྣམས་ལས་ཐོས།ཕྱི་ཉིན་འཇམ་དཔལ་གྱི་གནས་རིའི་གཤིན་རྗེའི་སྒྲུབ་ཕུག་ཏུ་བྱོན་ནས།གནས་འདི་འཇམ་དཔལ་གྱི་གནས་བྱིན་རླབས་ཅན་ཡིན་པས་འདི་ནས་རི་བོ་རྩེ་ལྔར་འགྲོ་བའི་རྟེན་འབྲེལ་བསྒྲིག་དགོས་གསུངས་ནས་འཇམ་དཔལ་གྱི་ཚོགས་མཆོད་ཕུལ།གནས་རི་ལ་ཁྲུས་དང་བསང་མཛད་རྗེས་གཞན་རྣམས་ཕྱིར་འགྲོར་བཅུག་སྟེ་རྗེ་ཉིད་སྒྲུབ་ཕུག་ཏུ་ཅུང་ཞིག་བཞུགས།དེ་ནས་གཏེར་ཚབ་འཇོག་མཁན་བུ་མོ་ལོ་བཅུ་གཉིས་མ་ཞིག་ཨེ་འདུག་གསུངས།དེ་མ་རྙེད་པས་བཅུ་གཅིག་ལོན་པ་ཞིག་ལ་འཇོག་ཏུ་བཅུག དེ་ནས་ཡར་ཙམ་བྱོན་པས་དེ་མ་ཐག་ཏུ་བན་དེ་གོས་སེར་པོ་གྱོན་པ་ཞིག་གིས་ཁྱེད་འཁོར་བཅས་རི་བོ་རྩེ་ལྔར་བྱོན་ན་ཁོ་བོ་ཤིན་ཏུ་དགའ་བས་འདིར་གནས་དེའི་དཀར་ཆག་ཅིག་ཡོད་པ་ཁྱེད་ལ་འབུལ་ཟེར་ནས་སྔོན་དུས་སུ་རྒྱ་ནག་ནས་བྱུང་ངེས་པའི་ཡིག་རྙིང་ངོ་མཚར་ཅན་ཞིག་ཕུལ་ནས་སོང་།མར་བྱོན་པ་དང་།དེ་རིང་གི་ཡི་གེ་དེ་འཕྲལ་གཏེར་བྱ་བ་ཡིན།ད་ནངས་བཅུ་གཉིས་མ་མ་རྙེད་དེ་རྟེན་འབྲེལ་ཅུང་འཕྱུགས་པས་ཡི་གེ་དེར་སྐྱོན་ཞིག་ཡོད་ཐང་གསུངས།ཡི་གེ་བླངས་ནས་བལྟས་པས་ལྡེབ་གཅིག་མི་ཚང་བར་འདུག་པ་རྟེན་འབྲེལ་གྱིས་ལན་པ་ཡིན་གསུངས།དེ་ནས་གསུང་གི་གནས་མཆོག་བ་གནས་བསམ་གཏན་ཆོས་འཁོར་གླིང་དུ་བྱོན་ཏེ་བི་མའི་སྒྲུབ་ཕུག་དང་མཁའ་འགྲོའི་གསང་ཕུག་གི་གནས་སྒོ་ཕྱེས་སོ།།

  དེ་ཡང་རབ་རྒྱན་མེ་ཡོས་ཟླ་༡ཚེས་༡༧ཉི་ཤར་གྱི་དུས་སུ་དར་ཅིག་མཉམ་པར་བཞག་ནས་གློ་བུར་དུ་སྣག་ཤོག་ཁྱེར་ཤོག་གསུངས་ནས་གནས་སྒོའི་ཁ་བྱང་འདི་ལྟར་གསུངས་ཏེ།པུ་ཊ་ཀ་རུ་ཧུ་མ་ལི༔མེ་ལྷ་སྐྱ་རིང་གཡོན་གྱི་ཕྱོགས༔ཙིཏྟ་དམར་པོའི་སུམ་ཆའི་སྟེང་༔མེ་ལོང་དྭངས་དབུས་ལྗོན་པའི་གསེབ༔རཏྣ་པུསྟ་མི་ཏྲའི་དཔེཿསྟག་མ་དར་དཀར་མྱོས་བྱེད་བཅས༔དུས་སུ་མ་འཛོལ་བྱ་བ་གཅེས༔ཞེས་ཡི་གེར་འགོད་དུ་བཅུག དེའི་ཕྱི་ཉིན་ཁ་བྱང་དུ་སྟག་མ་ཞེས་གསུངས་པས་བུ་མོ་སྟག་ལོ་མས་གཙོས་བུ་མོ་བཅུ་དང་།བུ་ཆུང་བཅུ་བཅས་བསྡུས་ནས་དེ་དག་ལ་འདི་སྐད་དུ།འདི་ནས་ལྷོ་ཡི་མཚམས་སུ་བྲག་རི་སྙིང་གི་དབྱིབས་ཅན་གྱི་སུམ་ཆ་ཙམ་བརྒལ་ས་རུ་ཕུག་པ་ཞིག་ཡོད།དེའི་མདུན་ན་སྤང་མེ་ལོང་ལྟ་བུ་དང་དེའི་མཐའ་སྐོར་དང་སྒོ་འགྲམ་ན་ཤིང་སྐྱེས་ཡོད་པ་ཞིག་ཡོད་པས་དེ་ཨེ་རྙེད་ལྟོས་ཤོག་གསུངས་ཏེ་སྒྲུབ་ཕུག་འཚོལ་དུ་བཏང་ངོ་།།ཆོས་རྗེ་ཉིད་འཁོར་བཅས་སྤྱན་རས་གཟིགས་ཀྱི་གནས་གུ་རུའི་སྒྲུབ་ཕུག་ཏུ་བྱོན་ནས་གནས་ལ་ཁྲུས་དང་བསང་རབ་གནས་སོགས་ལེགས་པར་མཛད་ཅིང་།ཕུག་པའི་གཏིང་ནས་སྒྲོམ་བུ་ཞིག་གཏེར་ནས་བཞེས།དེ་ཚེ་སྒྲུབ་ཕུག་ནང་དུ་བདུད་རྩིའི་རྒྱུན་རང་རྡོལ་དུ་བྱུང་།ཕྱི་ན་ཡོད་པ་རྣམས་ཀྱིས་སྒྲ་སྙན་དང་དྲི་བཟང་གིས་ཕྱོགས་ཀུན་ཁྱབ་པ་གསལ་པོར་ཚོར་བ་བྱུང་།དེ་རྗེས་འཇམ་དཔལ་གྱི་ཚོགས་མཆོད་ཅིག་ཕུལ་ཏེ་དྲངས་པའི་མཚམས་སུ་གནས་སྒོ་འཚོལ་མཁན་རྣམས་འབྱོར་ཏེ་ཕུག་པ་ཕྱོགས་ཙམ་རྙེད་པའི་ལོ་རྒྱུས་ཞུས་པས་རྟེན་འབྲེལ་ལེགས་པར་འགྲིགས་པས་དགྱེས་ཚུལ་ཆེན་པོ་མཛད།ཕྱི་ཉིན་སླར་ཡང་འགའ་ཞིག་གནས་སྒོར་བལྟར་བཏང་བས།དབུས་རི་ཕྱག་རྡོར་གྱི་གནས་དེར་གཡས་གཡོན་གཉིས་ལས་གཡས་ངོས་ཀྱི་ཤར་ལྷོའི་མཚམས་སུ་བྲག་རི་ཙིཏྟ་ལྟ་བུའི་སུམ་ཆ་གཅིག་བརྒལ་བའི་མཚམས་སུ་བྲག་ཕུག་དབྱིབས་གྲུ་གསུམ་པ་མདུན་ཕྱོགས་སུ་སྤང་མེ་ལོང་ལྟ་བུ་དང་དེའི་མཐའ་སྐོར་དུ་ཤིང་གིས་བསྐོར་བ་སྟེ་ཁ་བྱང་ལས་བྱུང་བའི་མཚན་ཉིད་ཡོངས་སུ་རྫོགས་པ་ཞིག་འདུག་གོ།རི་དེའི་གཡོན་ངོས་སུའང་ཕུག་པ་འདི་དང་ཕྱོགས་མཚུངས་པ་ཞིག་རྙེད་པས་དེ་མཁའ་འགྲོའི་གསང་ཕུག་བྱ་བ་ཡིན།ཕུག་པ་དེའི་ནང་དུ་སྐུ་རྟེན་མཁའ་འགྲོ་མ་རྣམས་ཀྱི་ཕྱག་མཛུབ་སོགས་ཀྱི་རྗེས་དང་།གསུང་རྟེན་བཾ་ཧ་རི་ནི་སཿཐུགས་རྟེན་ཕྱག་མཚན་དང་།མཁའ་འགྲོའི་ཚོགས་རྫས་རང་བྱོན་རྣམས་ཨེ་འདུག་ལྟོས་ཤོག་གསུངས་པས་བལྟར་ཕྱིན་པ་ན་ཐམས་ཅད་ཇི་བཞིན་གསལ་བོར་ཡོད་དོ།།

  དེ་ལ་ཕུག་པ་སྔ་མ་ནི་བི་མ་མི་ཏྲའི་སྤྲུལ་པས་སྒྲུབ་པ་མཛད་པའི་གནས་དང་།ཕྱི་མ་ནི་བི་མ་མི་ཏྲས་དཔལ་གྱི་བློ་གྲོས་མ་སོགས་མཁའ་འགྲོ་མ་བྱེ་བ་འབུམ་ལ་ཆོས་སྟོན་ཅིང་ཚོགས་ཀྱི་འཁོར་ལོ་སྐོར་བའི་གནས་སོ།།ཕུག་པ་སྔ་མ་འདི་སྔོན་ཡང་དམ་པ་འགའ་ཞིག་གིས་བཙལ་ཀྱང་མ་རྙེད་པར་བཤད།འདི་དག་ནི་གཏེར་ལུང་ལས།བི་མ་མི་ཏྲའི་སྒྲུབ་ཕུག་ཞབས་རྗེས་ཡོད༔ཅེས་དང་།གསང་ལྟར་རྔ་ཡབ་ཟངས་མདོག་དཔལ་རི་ཡིན༔དཔལ་རི་དེ་ལ་མཁའ་འགྲོའི་ཚོགས་ཁང་ཡོད༔ཅེས་གསུངས་པ་དེ་དག་ཡིན།དེ་ལྟར་གནས་ཕུག་གི་སྒོ་འབྱེད་པ་ཡང་།མ་ཏི་རཏྣའི་གཏེར་བྱོན་མཁའ་འགྲོ་བདུད་འདུལ་དྲག་མོའི་ཞུས་ལན་མ་འོངས་ལུང་བསྟན་གསལ་བྱེད་ཅེས་བྱ་བ་ལས།ཏི་སྒྲོ་བྲག་གི་གནས་སྒོ་འབྱེད༔མདོ་ཁམས་མཁའ་འགྲོའི་དབེན་གནས་ཨོ་རྒྱན་ངའི་རྫུ་འཕྲུལ་གྱིས་གསང་ཕུག་གི་སྒོ༔ཁྱེའུ་ཆུང་གི་སྤྲུལ་པ་གཅིག་གིས་འབྱེད༔ནང་སྒོ་ནི་མ་འོངས་པའི་དུས་མིན་པར་མི་འབྱེད༔དེའི་རྟགས་ནི་སྦས་རོང་མཐའ་དམག་སླེབས་ཏེ་བཅོམ༔ཆོས་བྱེད་ཉིན་སྐར་ཙམ་ལས་མེད༔ཅེས་གསུངས་སོ།།དེ་ལ་གནས་འདི་ནི་མཁའ་འགྲོའི་འདུ་གླིང་ཏི་སྒྲོའི་བྲག་གཉིས་པ་ཡིན་ནོ།།ཁྱེའུ་ཆུང་གི་སྤྲུལ་པ་ཞེས་པ་ནི།རྗེ་ཉིད་སྣ་ནམ་དང་ཁྱེའུ་ཆུང་གི་སྤྲུལ་པ་གཅིག་བསྡུས་སུ་བཤད་པ་ཉིད་ཡིན་ནོ།།སྦས་རོང་བཅོམ་པ་ནི་དེ་ཡི་རྟེན་དང་ནགས་ཚལ་བཅས་སོ།།ཕྱིས་སྒྲུབ་ཕུག་འདི་དག་ཏུ་སྒྲུབ་པ་བྱེད་མཁན་ཡོད་ན་གནས་གཞན་ལས་ཁྱད་དུ་འཕགས་པའི་བྱིན་རླབས་ཅན་ཏེ་བི་མའི་སྒྲུབ་ཕུག་ཏུ་གཡེང་བ་སྤངས་ཏེ་ཞག་བདུན་དུ་བསྒྲུབས་ན་བི་མ་མི་ཏྲས་དངོས་སུ་རྗེས་སུ་བཟུང་སྟེ་ཏིང་འཛིན་གྱི་སྒོ་བརྒྱ་ཕྲག་རྙེད་པར་འགྱུར་བ་དང་།མཁའ་འགྲོའི་གསང་ཕུག་ཏུ་བསྐྱེད་རྫོགས་ཀྱི་གདེང་དང་ལྡན་པའི་སྒོ་ནས་ཚོགས་མཆོད་འབུམ་ཐེར་གཅིག་བྱས་ན་ལུས་འདི་མ་སྤངས་པར་མཁའ་སྤྱོད་མཁའ་འགྲོའི་ཚོགས་གྲལ་དུ་ཚུད་པར་གདོན་མི་ཟ་བར་གསུངས་སོ།།

  དེར་གནས་ནང་དགོན་པས་དངོས་འབྱོར་གྱི་འབུལ་བའི་ཚན་གྲངས་མང་པོ་བགྲངས་པ་ལ།འདི་ཐམས་ཅད་ནི་དགོས་པ་མེད།སྟན་གཅིག་སྲབ་གཅིག་འདུག་པས་འདི་གཉིས་ལས་གང་རུང་ཞིག་འཁྱེར་རྒྱུ་ཡིན།དེ་ཡང་དགེ་འདུན་པ་ཐམས་ཅད་ཀྱིས་རྟེན་གྱི་དྲུང་དུ་བདེན་པ་བདར་ཏེ་གང་ལ་བབས་པ་དེ་འཁྱེར།གལ་ཏེ་སྟན་ལ་བབས་ན་ཕྱོགས་ཕྱོགས་སུ་འགྲོ་བ་ལས་གནས་གཅིག་ཏུ་བསྡད་ན་འགྲོ་དོན་འོང་བའི་རྟེན་འབྲེལ་ཡིན་པས་ཕྱིས་སུ་དེ་ལྟར་བྱ།སྲབ་ལ་བབས་ན་སྡོད་པ་ལས་ཕྱོགས་ཕྱོགས་སུ་སོང་ན་འགྲོ་དོན་འོང་བའི་རྟེན་འབྲེལ་ཡིན་པས་ཕྱིས་དེ་ལྟར་བྱའོ་ཞེས་གསུངས་སོ།།དེ་ནས་ཐམས་ཅད་འདུས་ཏེ་རྟེན་བྱིན་ཅན་གྱི་དྲུང་དུ་རྟེན་སྙིང་མང་དུ་བཟླས་ཏེ་བརྟག་པ་སྲབ་ལ་བབས་པས་དེ་བསྣམས་ནས་བྱོན།

  དེ་ནས་ཐུགས་ཀྱི་གནས་མཆོག་སྦ་ཞབས་བྲག་དཀར་དུ་བྱོན་ཏེ་སྤྲིན་གྱི་ནོར་བུ་ཞེས་པའི་ནོར་བུ་ངོ་མཚར་ཅན་ཞིག་རྙེད།དེ་ཡང་སྨུག་རོང་ཁྲོམ་ཚོགས་ལ་ཆོས་འབྲེལ་གནང་སྐབས།ཡུལ་འདིར་རྡོ་ཁྱད་པར་ཅན་ཞིག་ཡོད།དེ་སུས་རྙེད་ཡོད་ཀྱང་བདག་ལ་སྤྲོད་རོགས་གྱིས།ཁྱེད་རྣམས་ལ་ནི་དེ་ཡིས་ཅི་བྱེད་མེད།བདག་གི་ལག་ཏུ་བྱུང་ན་བསྟན་འགྲོ་ལ་ཕན་ཐོགས་པ་འོང་བ་ཡིན།རྡོ་དེ་ཡང་ཉི་མ་དྲོ་གྲང་སོགས་ལ་མ་ལྟོས་པར་རྟག་ཏུ་ཆུས་རླན་ཞིང་སྐབས་སྐབས་སུ་སྨུག་པ་འཕྲོ་བ་ཞིག་ཡིན་གསུངས་པས་ཕྱིས་བེ་ལོ་རི་ཁྲོད་དུ་བཞུགས་སྐབས་འབྲོག་པ་ཞིག་གིས་ཁྱེར་ནས་བྱུང་།དེ་ནི་ཉིན་ཞིག་འབྲུག་སྒྲ་ལྟ་བུའི་སྒྲ་ཆེན་པོ་ཞིག་གྲག་པ་དང་ཆབས་ཅིག་ཏུ་སྦྲ་ཡི་ཉེ་འགྲམ་དུ་ལྷུང་།རྡོ་ཤིན་ཏུ་ཡིད་དུ་འོང་བ་ཞིག་ཡིན་པས་ཉར་ཚགས་བྱས།དེ་ཚང་ལ་རྒད་པོ་སྣ་དུད་འཐེན་མཁན་ཞིག་ཡོད་པས་རྗེས་སུ་དེས་སྣ་དུད་འདུལ་བྱེད་བྱས་ཏེ་མདོག་སྐྱ་བོ་མི་སྡུག་པ་ཞིག་ཏུ་གྱུར་ཀྱང་།རྗེ་ཉིད་ཀྱིས་བསང་དང་ཁྲུས་ཡང་ཡང་མཛད་པས་དེ་རྗེས་ཤིན་ཏུ་དྭངས་ཤིང་མཛེས་པ་ཞིག་ཏུ་གྱུར་འདུག 

  ཡང་གོ་བོ་ནོར་བུ་ལྷ་རྩེར་བྱོན།དེ་ནི་རྗེ་ཉིད་ཀྱི་སྐུ་སྐྱེ་གོང་མ་ཀུན་བཟང་ཆོས་གྲགས་ཞི་བར་གཤེགས་ཁར་ཉེ་གནས་ཨ་དཔལ་སོགས་ཀྱིས་སྤྲུལ་སྐུ་འབྱུང་ཚུལ་ཞུས་པས།མཁས་པའི་དབང་པོ་འཇམ་དཔལ་མཚན་བརྗོད་བློ་ལ་འདོན་པ་ཞིག་ཏུ་བྱས་ནས་གནས་འདིར་འོངས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་བར་འགྱུར་ཞེས་གསུངས་པ་བཞིན་དུ།མི་ཉག་རབ་སྒང་གི་སེར་སྐྱ་ཕོ་མོ་ཕལ་ཆེར་འདུས་པར་ཐོག་མར་འཇམ་དཔལ་མཚན་བརྗོད་ཀྱི་ལུང་དང་།དེ་ནས་སྤྱོད་འཇུག་སོགས་དང་།སྣོད་ལྡན་རྣམས་ལ་བར་དོ་དྲུག་གི་ཁྲིད་ཡིག་སོགས་ཟླ་གཅིག་གི་རིང་ལ་གསུངས་སོ།།ཟླ་༡ཚེས་༢༢ཉིན་ནོར་བུ་ལྷ་རྩེར་སྐོར་བར་བྱོན་ནས་བསྟན་འགྲོའི་དོན་འབད་མེད་འགྲུབ་ཕྱིར་དབང་གི་དར་དམར་པོས་རི་རྩེ་ཁེབས་པར་མཛད།རི་ཡི་རྩེ་མོ་ནས་རྡོ་ཕ་བོང་ཞིག་གི་ནང་ནས་སྟོན་པའི་སྐུ་ཆུང་ངུ་ཞིག་གཏེར་ནས་བཞེས་པ་འགའ་ཞིག་གིས་གསལ་བོར་མཇལ།གནས་དེ་ཡི་མདུན་དུ་བྱོན་ནས་རི་ལ་ཁྲུས་དང་བསང་དང་རབ་གནས་བཅས་ལེགས་པར་མཛད་ཅིང་སྲ་མཁྲེགས་རྡོ་ཡི་ཁམས་ལ་ཞབས་ཀྱིས་བརྫིས་པའི་རྗེས་ཤིན་ཏུ་གསལ་བ་དུ་མ་ཞིག་གདུལ་བྱ་རྣམས་ལ་དད་རྟེན་དུ་བཞག་པ་ད་ལྟའང་མངོན་སུམ་མིག་གི་དགའ་སྟོན་དུ་ཡོད།དེར་རྡོ་རྗེ་ལྕགས་ཀྱུ་ཞགས་པའི་འཕྲུལ་ཐབས་ཀྱིས་བརྟན་གཡོའི་ཆོས་ཀུན་བདེ་བ་ཆེན་པོའི་ཀློང་དུ་བསྡམས་ཤིང་གང་སྣང་སོ་སོར་རྟོག་པའི་ཡོ་ལང་དུ་སད་པའི་དྲོད་རྟགས་ཁྱད་པར་ཅན་བརྙེས་པ་ནས།ཕྱི་རྟགས་སུ་སྔོན་མེད་པའི་ཡིག་དྲུག་མདོག་དམར་སེར་ཅན་དྲུག་བདུན་ཙམ་དང་གཞན་ཡང་ཨོཾ་ཨཱཿཧཱུྃ་སོགས་ཡིག་འབྲུ་རང་བྱུང་མང་པོ་མངོན་སུམ་དབང་པོའི་ཡུལ་དུ་གྱུར་པས་ཐམས་ཅད་ཀུན་ངོ་མཚར་ལས་ཀྱང་ཆེས་ངོ་མཚར་བར་གྱུར་ཏེ་རིན་ཆེན་རྣམ་གསུམ་གྱི་བདེན་མཐུ་དང་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་མཐུ་དང་བྱང་ཆུབ་སེམས་དཔའི་དབང་གི་ལས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་ལ་ཡིད་ཆེས་དང་ངེས་པ་ཁྱད་པར་ཅན་སྐྱེས་ནས་གནས་དང་གང་ཟག་ལ་ལྷག་པར་དད་པ་བྱུང་ངོ་།།

  དེ་ནས་རྒྱལ་རོང་གི་གནས་ཆེན་རྒྱལ་མོ་དམུ་རྡོར་བྱོན།དེར་ཡང་ངོ་མཚར་བའི་ལྟས་མང་དུ་བྱུང་།གནས་རི་ལ་ཁྲུས་བསང་རབ་གནས་བཅས་གོང་བཞིན་མཛད་པས་ཕྱིས་དེར་ཡང་སྔོན་མེད་པའི་མཆོད་རྟེན་རང་བྱུང་ཤིན་ཏུ་ངོ་མཚར་བ་གཉིས་བྱུང་ཡོད་པར་བཤད་དོ།།དེ་ལྟར་ཁམས་ཀྱི་གནས་ཆེན་ལྔ་དང་།དགེ་ལྡན་པའི་བསྟན་གནས་བྲག་མགོ་དང་།ཅོག་རོ།སྟོང་སྐོར།ཉིན་མཚོ།མགར་ཐར་དགོན་རྣམས་དང་།གཞན་ཡང་ས་སྐྱ་རྙིང་མ་བཅས་ཀྱི་དགོན་པ་ཆེ་ཆུང་བདུན་ཅུ་དོན་གསུམ་ཙམ་ལ་བྱོན་ཏེ།གནས་རི་རྣམས་སུ་དུས་དབང་གི་སྤྱོད་པ་སྣ་ཚོགས་པའི་མནོལ་གྲིབ་ཀྱིས་དཀར་ཕྱོགས་སྐྱོང་བ་རྣམས་ཀྱང་གཞན་དུ་གཤེགས་པ་ལ་ཁྲུས་བསང་རབ་གནས་མཛད་ཅིང་ཡུལ་གང་དང་གང་དུ་བྱོན་པ་དེ་དང་དེའི་སྐྱེ་བོ་རྣམས་དགེ་བ་བཅུ་ལ་བཀོད།རང་རང་ལྷ་གང་མོས་ཀྱི་བསྙེན་པ་དུང་རེ་ལ་མི་བརྩོན་པ་གཅིག་ཀྱང་མེད་པར་བྱས།རྔོན་རྐུ་སོགས་སྤྱོད་ངན་རྣམས་རྒྱུན་བཅད།ཁྲོམ་ཚོགས་སྤྱི་ལ་བློ་ལྡོག་རྣམ་བཞི་དང་སྐྱབས་འགྲོ་སེམས་བསྐྱེད་སོགས་ཞིབ་པར་གསུངས་པས་ཐམས་ཅད་ལ་བསམ་རྒྱུ་ཆོས་ལས་མེད་པ་ཞིག་མཛད་ནས་ཐར་པའི་ལམ་སྣ་ཟིན་པར་བྱས།ཁྱད་པར་སྐྱེས་པ་རྣམས་རྔོན་འབའ་ཞིག་ལ་བརྟེན་ནས་འཚོ་བའི་ཡུལ་རྣམས་སུ།ཁྱེད་ཚོའི་ཡུལ་འདིའི་ཉེ་འཁོར་ན་ཡོད་པའི་རི་དྭགས་སོགས་འདི་རྣམས་ནི།ཁྱེད་ཅག་གི་ཕ་མ་རྣམས་ཀྱིས་ཁྱེད་རང་རྣམས་ཀྱི་ཕྱིར་དུ་སྡིག་པ་སྣ་ཚོགས་པ་བྱས་ཏེ་མཐོ་རིས་དང་ཐར་པ་ནི་ཐོབ་མ་ནུས།འཆི་ཁར་ཡུལ་དང་གཉེན་བཤེས་རྣམས་ལ་འཕྲེང་ནས་ཡུལ་གཞན་དུ་མ་སྐྱེས་པར་འདིར་དུད་འགྲོར་སྐྱེས་པ་ཡིན།ད་ཁྱེད་ཅག་གིས་དེ་རྣམས་ཐབས་སྣ་ཚོགས་ཀྱིས་ངན་གསོད་བྱེད་པ་འདི་སེམས་ཀྱིས་བཟོད་དམ་གསུངས་ནས་ཡང་ཡང་བཤུམས་ཤིང་།རང་རེ་རྣམས་ཀྱི་ཕ་མ་རྣམས་དུས་དབང་གིས་ཕལ་མོ་ཆེ་མུ་གེས་ཤི ལ་ལ་གྲིར་ཤི ཀུན་གྱིས་ཆོས་སྐལ་ལ་མ་ཎི་ཚིག་གཅིག་ཀྱང་མ་རྙེད་པར་སྡུག་བསྔལ་སྣ་ཚོགས་མྱོང་བཞིན་པར་ཤི་བ་རང་གཞན་ཀུན་ལ་གསལ་བས་དེ་རྣམས་ད་ཚོད་ངན་སོང་གསུམ་ལས་འགྲོ་ས་ནི་ཡེ་མེད།དེས་ན་ཁྱེད་ཅག་གིས་ཚུལ་དེ་དག་ལ་བསམ་བློ་ཞིག་ཐོངས་ལ་ཁ་ལག་རང་གར་མི་འདུག་པར་དགེ་བ་རེ་ཅིས་ཀྱང་སྒྲུབས་གསུངས་པས།རྟག་ཏུ་རྔོན་བྱེད་པ་རྣམས་ཀྱང་ཤིན་ཏུ་འགྱོད་དེ་ཕྱིས་རྔོན་གཏན་མི་བྱེད་པའི་དམ་བཅའ་བྱེད་མཁན་བརྒྱ་སྟོང་དུ་མ་བྱུང་ཞིང་།དགེ་སྦྱོར་གཞན་ཡང་ཅི་རིགས་པ་བྱེད་པའི་དམ་བཅའ་འབུལ་མཁན་གྲངས་མེད་པ་བྱུང་།

  དེ་བཞིན་དུ་དགོན་པ་གང་དང་གང་དུ་བྱོན་པའི་གྲྭ་པ་རྣམས་ལའང་འདི་ལྟར་བཀའ་བསྩལ་ཏེ།ཁྱེད་རྣམས་ཀྱིས་དང་པོ་སངས་རྒྱས་ཀྱི་བསྟན་པ་ཞེས་པ་གང་ལ་ཟེར་ངོས་ཟིན་པར་མཛོད།དེས་ན་ལུང་དང་རྟོགས་པ་འདི་གཉིས་ལས་གཞན་པའི་བསྟན་པ་བྱ་བ་མེད།བདེ་སྡུག་རྣམས་གང་ལ་བསམས་ཀྱང་མི་རྟག་པ་ཡིན་པས་བྱ་བ་རྒྱ་ཆེན་པོའི་བློ་སྣ་དེ་རེ་ཞིག་སྐྱུངས་ལ་བཤད་དང་སྒྲུབ་པ་འདི་ཁོ་ན་ལ་ནན་ཏན་མཛོད།ཕྱོགས་ཞེན་སྡང་ཞུགས་ཀྱིས་ཆོས་སྤོང་མ་བསགས་པར་གྲུབ་མཐའ་ཐམས་ཅད་རྒྱལ་བའི་བསྟན་པ་ཡིན་པས་དག་སྣང་ཕྱོགས་མེད་མཛོད།སྤྱོད་པ་ཐམས་ཅད་ཀླ་ཀློའི་རྗེས་སུ་མ་འཇུག་པར་དམ་ཆོས་འདུལ་བ་ལས་ཇི་སྐད་བཤད་པ་བཞིན་སྒྲུབས།ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་པས་སྡོམ་དང་དམ་ཚིག་མིག་བཞིན་དུ་སྲུངས།རྒྱལ་བའི་བསྟན་པ་ཤིན་ཏུ་ཉམ་དམའ་བས་ཆོས་ཅུང་ཟད་རེ་ཤེས་པ་ཡོད་ན་རང་ཉིད་གཅིག་པུར་མ་སྡོད་པར་སྙིང་སྟོབས་བསྐྱེད་ལ་འཆད་ཉན་ལ་ཅིས་ཀྱང་ནན་ཏན་མཛོད་དང་དུས་འདིར་དེ་ལས་བཟང་བའི་དགེ་བ་མེད་ཅེས་གསུངས།དགོན་སྡེ་ཐམས་ཅད་ཀྱིས་ཟང་ཟིང་གི་མཆོད་པ་རྒྱ་ཆེན་པོ་ཕུལ་ཡང་བསྟན་པ་སྤྱི་ལ་ཕན་པའི་ས་གནད་གལ་ཆེ་བ་འགའ་ཞིག་ཏུ་རྟེན་བཞེངས་རེ་མཛད་པ་མ་གཏོགས་གཞན་ཐམས་ཅད་སོ་སོར་སླར་གནང་།གཞན་ཡང་རིང་མོའི་དུས་ནས་མི་མཐུན་པར་གྱུར་པའི་དགེ་འདུན་གྱི་སྡེ་མང་པོའི་དབྱེ་བ་ལེགས་པར་བཟླུམས་ཤིང་།དེ་བཞིན་དུ་ཡུལ་སྡེ་མང་པོའི་འཁོན་འཛིན་ཡང་

  བཟླུམས་ནས་བདེ་བ་ལ་རེག་པར་མཛད།

  དེ་ནས་རབ་རྒྱན་མེ་ཡོས་ལོར་རྒྱ་ནག་རི་བོ་རྩེ་ལྔར་བྱོན།དེ་ཡང་རྗེ་ཉིད་ཆུང་ངུའི་དུས་ནས་རི་བོ་རྩེ་ལྔར་དངོས་སུ་འབྱོན་འདོད་ཤིན་ཏུ་ཆེན་པོ་ཡོད་པར་གསུངས།ཁྱད་པར་མེ་སྟག་ལོའི་སོས་ཀར་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་དབང་བསྐུར་མཛད་པའི་བྱིན་འབེབས་ཀྱི་དུས་སུ་དབང་གི་ལྷ་བབས་ཏེ་རི་བོ་རྩེ་ལྔར་བྱོན་ན་བསྟན་འགྲོའི་དོན་ཆེན་པོ་འབྱུང་བས་དེར་འབྱོན་དགོས་པར་ལུང་བསྟན་པའི་ཚེ་ཕྱིའི་རྟགས་ཀྱང་ངོ་མཚར་བ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང་།དེ་ནས་བཟུང་ཕྱོགས་ཕྱོགས་སུ་འཇམ་དཔལ་གྱི་བསྙེན་པ་དུང་ཕྱུར་ཁྲི་ཕྲག་མང་པོ་དགེ་བསྐུལ་མཛད།དེའི་ཕྱི་ལོ་རབ་བྱུང་བཅུ་བདུན་པའི་ཐོག་མ་མེ་མོ་ཡོས་ཀྱི་ལོ་ལ་རི་བོ་རྩེ་ལྔར་བྱོན།ལམ་བར་དུ་གླང་ཆེན།ལི་ཧྲན་བྱམས་ཆེན་སོགས་སུ་གནས་མཇལ་མཛད།དེ་ནས་པེ་ཅིང་དུ་བྱོན་ཏེ་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ལ་རྒྱལ་བསྟན་དག་ཐེར་སོགས་ཀྱི་སྐོར་བཀའ་འདྲི་མཛད་པས་གཟེངས་བསྟོད་ཀྱིས་དབུགས་དབྱུང་མཛད་ཅིང་།པེ་ཅིང་ནུབ་རིའི་ངོས་སུ་སངས་རྒྱས་ཀྱི་ཚེམས་མཆེ་བ་བཞི་ལས་གཅིག་བཞུགས་པའི་དྲུང་དུ་བསྟན་འགྲོའི་ཆེད་དུ་སྨོན་ལམ་མཛད་ནས་རི་བོ་རྩེ་ལྔར་འབྱོར།དེ་དང་མཉམ་དུ་ཁམས་དང་ཨ་མདོ་ཕྱོགས་ཀྱི་སྐྱེ་བོ་ཁྲི་ཕྲག་ཙམ་འདུས་པས་མཚོན་བོད་རྒྱ་སོག་པོ་སོགས་མི་རིགས་སྣ་ཚོགས་ལ།ཐོག་མར་ལམ་གཙོ་རྣམ་གསུམ་དང་།ལམ་རིམ་བསྡུས་དོན།རྒྱལ་སྲས་ལག་ལེན་སོ་བདུན་མ་སོགས་ཆོས་འབྲེལ་གནང་།དེ་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་གྱི་དྲུང་དུ།བཟང་སྤྱོད་སྨོན་ལམ་བྱེ་བ་གསུམ་དུ་ལོངས་ཙམ་གྱི་དགེ་རྩ་བསྒྲུབས་ཏེ་འབྲེལ་ཚད་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བ་དང་བསྟན་པ་དར་ཞིང་སེམས་ཅན་བདེ་བའི་སྨོན་ལམ་རླབས་པོ་ཆེ་བཏབ།བསྟན་པ་སྤྱི་ལ་ཕན་སླད་འཇམ་དབྱངས་དགོན་དུ་པདྨ་སཾ་བྷ་ཝ་དང་།དཔལ་ལྡན་ཨ་ཏི་ཤ ཀུན་མཁྱེན་ཙོང་ཁ་པ་སོགས་ཀྱི་སྐུ་བརྙན་གཟུངས་གཞུག་དང་རྒྱན་ཆས་བཟོ་རྩལ་བཅས་ཆེས་ཕུལ་དུ་བྱུང་བ་བཞེངས།དེ་བཞིན་དགོན་པ་གཞན་རྣམས་སུའང་རྟེན་བཞེངས་མང་དུ་བྱས།དེ་ལྟར་འཕགས་པ་འཇམ་དཔལ་དངོས་སུ་བཞུགས་པའི་ཞིང་དེར་གནས་འབྲེལ་ལེགས་པར་བཞག་སྟེ་དེར་ལྷགས་པ་ཐམས་ཅད་ཀྱིས་འདི་ཕྱི་བདེ་བའི་ལམ་སྣ་ཟིན་པར་མཛད་དོ།།

  ཉིན་ཞིག་རིའི་ཕར་ངོས་སུ་དགོན་པ་ཞིག་འདུག་པས་གློ་བུར་དུ་དེར་བྱོན།དེ་མ་ཐག་ངོ་མཚར་བའི་བྱིས་པ་བདུན་མདུན་དུ་འོངས་ནས་ཆོས་ཞུས་ཏེ་གློ་བུར་གར་སོང་ཆ་མེད་དུ་གྱུར།དེར་གཞོན་ནུ་ནོར་བཟང་གི་སྒྲུབ་ཕུག་ཅེས་པ་ཞིག་འདུག་པར་ཞག་བདུན་ཕྲག་གསུམ་ཙམ་ལ་སྐུ་མཚམས་ཤིན་ཏུ་དམ་པོར་བཅད་དེ་བཞུགས་པས་ཟླ་༤ཚེས་༢༩སྔ་དྲོར་ཐུགས་བདེ་སྟོང་རྡོ་རྗེའི་རོལ་པར་འབྱམས་སུ་ཀླས་པའི་སྣང་ཆ་ལ།རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པ་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཉིད་དྲང་དོན་རྟགས་ཀྱི་འམ་དཔལ་གཞོན་ནུའི་སྐུར་བཞེངས་ཏེ་ཞལ་མངོན་སུམ་གཟིགས་པ་ན།བསྟན་པ་དར་ཞིང་སྐྱེ་རྒུ་བདེ་བའི་འདོད་དོན་མཐར་ཐུག་པ་གསོལ་ཞིང་།རྒྱལ་སྲས་འཇམ་དཔལ་དཔའ་བོའི་རྗེས་སུ་བསླབས་ཏེ་ནམ་མཁའ་མ་སྟོངས་བར་དུ་སེམས་ཅན་གྱི་དོན་ལ་བརྩོན་པའི་ཐུགས་བསྐྱེད་དོ།།

  དེ་ནས་ཤར་རི་རྒྱ་མཚོ་མཐོང་བའི་རི་སུལ་མདོ་ཕལ་བོ་ཆེ་ལས་འཇམ་པའི་དབྱངས་རྟག་ཏུ་བཞུགས་པའི་གནས་སུ་གསུངས་པའི་ཕུག་པར་བྱོན་ཏེ་ཞག་བདུན་ཕྲག་གཉིས་སུ་སྐུ་མཚམས་མཛད།འདིར་བཞུགས་རིང་ལ་ཉིན་མཚན་བར་མེད་དུ་འོད་གསལ་གྱི་སྣང་བ་འབའ་ཞིག་ལ་འཕྱན་པར་གསུངས།དེར་སྙིང་དབུས་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་སུ་རང་རིག་འཇམ་དཔལ་ཡེ་ཤེས་སེམས་དཔས་དྲན་རིག་གི་འཁོར་ཚོགས་རྒྱ་མཚོ་ལྟ་བུ་ལ་སྟོན་འཁོར་དགོངས་པ་དབྱེར་མེད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་།དེའི་རྩལ་ལས་ཀུན་བཟང་ཐུགས་ཀྱི་བསྟན་པ་གཞིར་བཞེངས་སུ་སློང་ནུས་པའི་རྒྱུད་ལུང་མན་ངག་གི་བསྟན་བཅོས་དུ་མ་རང་རྡོལ་དུ་བྱུང་།དེ་དང་ཆབས་ཅིག་གེ་སར་དགྲ་བླའི་རྒྱལ་པོ་འཁོར་དཔའ་ཐུལ་དྭངས་སྨན་དང་བཅས་པས།སྐལ་བཟང་སྙིང་གི་བུ་རྣམས་ལ་དོན་བརྒྱུད་རྟོགས་པའི་བྱིན་ཆེན་བཙན་ཐབས་སུ་འབེབས་པའི་འདའ་དཀའ་རྡོ་རྗེའི་ཐ་ཚིག་གི་གཡར་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྲེ་བར་མཛད་དོ།།

  དེ་ལྟ་བུའི་ལེགས་སྨོན་ཟུང་དུ་ཚོགས་པའི་མ་ཚང་མེད་རྒྱུ་ལས་དབང་པོ་རབ་འབྲིང་ཐ་མའི་སྐལ་བ་དང་འཚམ་པར་དངོས་ཉམས་རྨི་ལམ་ཅི་རིགས་པར་ཕྱི་རོལ་དུ་སྐུ་ཕྱག་རྒྱ།གསུང་ཡིག་འབྲུ།།ཐུགས་ཕྱག་མཚན་གྱི་སྣང་བ་སྣ་ཚོགས་པ་དང་།ནང་དུ་སྔར་མ་བྱུང་བའི་བདེ་གསལ་མི་རྟོག་པའི་ཉམས་ཁྱད་པར་ཅན་དང་།གསང་བ་འོད་གསལ་རྫོགས་པ་ཆེན་པོ་ངེས་པ་དོན་གྱི་འཇམ་དཔལ་གྱི་རང་ཞལ་མཇལ་ཏེ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ཐོབ་ཅིང་།ནམ་ཞིག་རང་སྣང་ལོངས་སྐུའི་ཞིང་དུ་དཔོན་སློབ་འདུ་འབྲལ་མེད་པར་ཚོམ་བུ་གཅིག་ཏུ་འཚོགས་པའི་རྟེན་འབྲེལ་མ་བསྒྲིགས་རང་འགྲིག་ཏུ་གྱུར།དེ་ལྟར་འདུ་བ་རྣམ་གསུམ་དབྱར་གྱི་མཚོ་བཞིན་དུ་རྒྱས་ཤིང་།འབར་བ་རྣམ་གསུམ་དུས་མཐའི་མེ་བཞིན་དུ་མཆེད་ནས་རང་སྣང་དབང་དུ་བསྡུས།གཞན་སྣང་ཟིལ་གྱིས་མནན་ཏེ་སྐལ་བ་དང་ལྡན་པའི་སྐྱེ་བོ་བགྲང་ལས་འདས་པ་སྨིན་ཅིང་གྲོལ་བར་བྱས་པ་ན་ནག་པོའི་རྩ་ལག་ཏུ་གྱུར་པ་དག་གིས་གནོད་པའི་སྦྱོར་བ་ཅི་རིགས་པ་བརྩམས་ཀྱང་དུས་མཐའི་ཉི་མ་སྤར་མོས་མི་ཁེབས་པའི་དཔེ་བཞིན་གླགས་མ་རྙེད་པའི་ཁར་རྐྱེན་ངན་གྲོགས་སུ་གྱུར་ནས་འཕྲིན་ལས་ནམ་མཁའ་དང་མཉམ་སྟེ་སྙན་པའི་གྲགས་པ་རྒྱ་གར་འཕགས་ཡུལ་ནས་མེ་གླིང་གི་བར་དུ་ཁྱབ་པ་ཞིག་བྱུང་བ་ནི་ལྷག་པའི་ལྷས་རྗེས་སུ་བཟུང་བའི་རང་རྟགས་ཕྱིི་རུ་མངོན་པ་རྣམ་ཐར་ཕལ་གྱིས་བསྒྲུན་དུ་མེད་དོ།།

  དེ་ནས་དྭངས་བསིལ་རྡོ་ཡི་གླིང་དུ་བཞུགས་སྐབས་དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་ལ་འཇམ་དཔལ་གྱི་ཚོགས་མཆོད་ཅིག་ཕུལ་བའི་ཉིན།དྭངས་བསིལ་རི་བོའི་དཀར་ཆག་ལས་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་འོད་ཟེར་བཅུ་ཕྲག་ཅིག་བཤད་པ་རྣམས་ཀྱིས་ནམ་མཁའ་ཐམས་ཅད་བར་མེད་དུ་ཁྱབ་པ་ཀུན་གྱིས་མཇལ་བས་ཆེས་ངོ་མཚར་བ་བྱུང་།དེ་ལ་སྤྱིར་རྗེ་ཉིད་རི་བོ་རྩེ་ལྔར་དངོས་སུ་མ་བྱོན་པའི་སྔ་རོལ་ཏུའང་རྨི་ལམ་སྒྱུ་ལུས་ལ་བརྟེན་ནས་གནས་འདིར་ལན་གསུམ་བྱོན་པའི་གནས་ཀུན་ངོས་ཟིན་པར་གསུངས།ཁྱད་པར་ནོར་བཟང་སྒྲུབ་ཕུག་ཏུ་བཞུགས་ཚེ་ཉིན་ཞིག་བདག་རྨི་ལམ་དུ་འོངས་སའི་གནས་དེ་དབུས་རིའི་ཉེ་འདབས་ཕ་གི་ཡིན་པ་འདྲ་བར་འདུག གལ་ཏེ་ཡིན་ན་གནས་དེར་ལྷ་སྐུ་ཞིག་རལ་དུ་གྱུར་པ་ཞིག་ཡོད་ཚུལ་སོགས་རྟགས་རྣམས་གསུངས་ནས་བལྟར་ཕྱིན་པས་ཇི་བཞིན་ཡོད་དོ།།སྔ་ཕྱིར་དྭངས་བསིལ་རི་བོའི་ཁོངས་སུ་སྐུ་རྟེན་དང་སྒྲོམ་བུ་སོགས་ཆེས་མང་པོ་གཏེར་དུ་སྦས་ཏེ་བསྟན་འགྲོའི་ཕན་བདེའི་གསོས་སུ་བཞག་གོ།

  ས་འབྲུག་ལོར་ལྷང་བྲག་གནས་འདུས་ཀྱི་དུས་སུ་སླར་ཉག་རོང་དུ་བྱོན།དེའུ་ཁྲི་སྟེང་དང་པད་སྤུངས་འདི་གཉིས་གངས་ཅན་གྱི་བསྟན་པ་སྤྱི་ལ་ཕན་པའི་ས་གནད་ཁྱད་པར་ཅན་ཡིན་པས་འདིར་བཤད་སྒྲུབ་ཀྱི་གཞི་མ་ཞིག་ཚུགས་པ་ཤིན་ཏུ་གལ་ཆེ་གསུངས་ནས།དེའུ་ཁྲི་སྟེང་དུ་ཉག་རོང་གི་དགོན་སྡེ་ཡོངས་ཀྱི་ཐུན་མོང་གི་བཤད་གྲྭ་དང་།པད་སྤུངས་སུ་སྒྲུབ་གྲྭ་གསར་འཛུགས་མཛད།ཉིན་ཞིག་གནས་སྐོར་དུ་ཕྱིན་པས་ནམ་མཁའ་ཐམས་ཅད་ཤིན་ཏུ་ངོ་མཚར་བའི་དབྱིབས་སྣ་ཚོགས་པའི་འཇའ་ཚོན་གྱིས་ཁེབས་པས་མི་རྣམས་ལམ་ལའང་བལྟ་ལོང་མེད་པར་མིག་ནམ་མཁར་གཏོད་ཅིང་ཐལ་མོ་སྦྱར་ཏེ་གསོལ་འདེབས་བྱེད་པ་ཞིག་བྱུང་།དེ་ནས་ཉག་རོང་གི་དགོན་སྡེ་བཅུ་གཉིས་ཙམ་དུ་བྱོན་ནས་གོང་བཞིན་སྐྱེ་རྒུ་རྣམས་ཀྱིས་ཐར་པའི་ལམ་སྣ་ཟིན་པར་བྱས་སོ།།

  ས་འབྲུག་ཟླ་བཅུ་པར་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་དཔོན་དུ་གདན་དྲངས་པས་པེ་ཅིང་དུ་ཟླ་གཉིས་ཙམ་གྱི་རིང་ལ་རྙིང་མ།ས་སྐྱ།དགེ་ལྡན།བཀའ་བརྒྱུད།ཇོ་ནང་།བོན་བཅས་ཀྱི་བླ་སྤྲུལ་ཆེ་ཁག་དུ་མ་ལ་སྔ་འགྱུར་རྙིང་མའི་ལྟ་གྲུབ་གསུངས་ཤིང་།སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་རྣམས་མཐར་ཐུག་དགོངས་པ་གཅིག་ཏུ་ལུང་དང་རིགས་པས་བསྒྲུབས་པས་ཀུན་གཟིགས་པཎ་ཆེན་གཙོས་དཔོན་སློབ་ཡོངས་ཀྱིས་བསྔགས་བརྗོད་ཡང་ཡང་མཛད།གཞན་ཡང་དེར་གནས་སྣོད་ལྡན་རྣམས་ལ་དབང་དང་ཟབ་ཁྲིད་གནང་།ཞིང་ཆེན་སོ་སོ་ནས་ལྷགས་པའི་རྒྱ་རིགས་མང་པོར་ཡང་ཐུན་མོང་གི་ཆོས་ཅི་རིགས་པ་གསུངས།དེ་སྐབས་གཙང་དུ་པཎ་ཆེན་སྐུ་ཕྲེང་ལྔ་པ་སོགས་ཀྱི་སྐུ་གདུང་རབ་གནས་ལ་ཁེལ་ནས་དེར་གདན་དྲངས་པས་གནམ་གྲུར་ཞུགས་ཏེ་ལྷ་ལྡན་དུ་བྱོན།དེར་སྟོན་པའི་ཞལ་སྐྱིན་ཇོ་བོ་ཡིད་བཞིན་ནོར་བུ་མཇལ་དུ་བྱོན།སྐུ་རྟེན་གྱི་དྲུང་དུ་སྟོན་པ་ཐུགས་རྗེ་ཅན་གྱི་རྨད་དུ་བྱུང་བའི་མཛད་པ་རྗེས་སུ་དྲན་པ་དང་།དུས་མཐའི་སེམས་ཅན་ལ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཏེ་སྤྱན་ཆབ་ཕྱུང་སྟེ་གདུང་དབྱངས་དྲག་པོས་ཐུགས་རྒྱུད་བསྐུལ་ནས་བསྟན་པ་རྒྱས་པ་དང་།སེམས་ཅན་བདེ་བ།འབྲེལ་ཚད་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་མཛད།དེ་ནས་དམིགས་མེད་མཉམ་པ་ཆེན་པོའི་ངང་དུ་དར་ཅིག་མཉམ་པར་བཞག་པའི་མུར་དག་པའི་སྣང་བ་ལ་ཇོ་བོའི་ཞལ་འཛུམ་པར་མཛད་པ་གཟིགས་ནས།དེང་ཕྱིན་ཆད་ཁྱེད་རྣམས་ཀྱིས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཐོབ་ཅིག་དང་རང་ཅག་ཐམས་ཅད་འདི་ནས་འཕོས་མ་ཐག་ཏུ་དེར་སྐྱེ་བའི་ལུང་བསྟན་ཐོབ་པ་ཡིན་གསུངས།དེ་ནས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་དང་གཏེར་ཆེན་ལས་རབ་གླིང་པ་རྣམ་གཉིས་ཀྱིས་ཐུགས་རྗེ་ཆེན་པོ་ཕྱི་ནང་གསང་བའི་སྒྲུབ་སྐོར་ཡི་གེར་ཕབ་པའི་གནས་ནོར་བུ་གླིང་གའི་སྐལ་བཟང་ཕོ་བྲང་དུ་བྱོན་ནས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་གི་ཞབས་པད་བརྟན་པ་དང་བཞེད་དོན་འགྲུབ་པའི་ཆེད་དུ་རིམ་གྲོ་རྒྱ་ཆེར་མཛད།དེ་བཞིན་དུ་ཕོ་བྲང་པོ་ཏ་ལར་ཡང་ལྔ་པ་ཆེན་པོའི་གཟིམ་ཁང་བདེ་བ་ཅན་ཉིད་དཀོན་གཉེར་པས་ཇི་བཞིན་ངོས་མ་ཟིན་ཀྱང་སྔོན་གནས་རྗེས་སུ་དྲན་པས་གཟིམ་ཁང་གི་རྟགས་མཚན་རྣམས་གསུངས་ནས་ངོས་འཛིན་མཛད་དེ་གོང་བཞིན་བྱས།གནས་དེར་ཟབ་གཏེར་ཡང་སྦས་ནས་རྟེན་འབྲེལ་འགྲིགས་པས་ཐུགས་དགྱེས་པ་ཆེན་པོ་མཛད།གཞན་ཡང་རྩེ་རྣམ་རྒྱལ་གྲྭ་ཚང་དང་།གནས་ཆུང་དགོན།ཞབས་བརྟན་དགོན་རྣམས་སུ་ཕུར་པ་ཡང་སྙིང་སྤུ་གྲིའི་སྒྲུབ་པ་རྒྱུན་ཆགས་སུ་བཙུགས་སོ།།བཀྲ་ཤིིས་ལྷུན་པོར་བཞུགས་སྐབས་སྔར་གྱི་སྙུན་གཞིས་སྐུ་ཁམས་ཅུང་ཟད་བསྙེལ་བའི་ཚུལ་བསྟན་ཚེ་བཀྲ་ཤིས་ལྷུན་དགོན་གཞུང་ནས་ཞབས་ཕྱི་པར་བསྐོས་པའི་མཚན་ཉིད་པའི་དགེ་བཤེས་བླ་མ་བསྟན་འཛིན་ཞེས་པས་ཁམས་དྭངས་སུ་རྟགས་གསལ་བཏང་བ་ན།རྗེ་ཉིད་ཧ་ཅང་དགྱེས་ཉམས་ཀྱིས་རྣམ་ཐར་སྒོ་བཞིའི་ལན་ཐོགས་པ་མེད་པར་བཏབ་པའི་རྐྱེན་གྱིས་སྙུན་གཞིའང་སངས་དྲག་ཏུ་གྱུར་ཏེ་ང་རང་ཆུང་ངུའི་དུས་ནས་རྩོད་རིགས་ཀྱི་ཤགས་འགྱེད་པ་འདི་ལ་ལྷག་པར་སྤྲོ་བས་དེའི་བག་ཆགས་ཀྱིས་རེད་ཅེས་གསུངས།

  དེ་ནས་ས་སྐྱ་གོང་དུ་བྱོན་ཏེ་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་གི་གོང་མའི་ཁྲི་ཟུར་དུ་བྱོན་ནས་དཀོན་གཉེར་པ་མདུན་དུ་བོས་ཏེ།བདག་ཁྲི་འདིའི་སྟེང་དུ་དར་ཅིག་འདུག་གམ་མི་འདུག སྡོད་དུ་ཨེ་འཇུག་ཅེས་རེ་བ་བྱེད་པ་ནི་མིན།གལ་ཏེ་འདུག་མ་དགོས་ན་མི་འདུག་ཅེས་གསུངས་པས།དཀོན་གཉེར་པ་ན་རེ།པཎ་ཆེན་རིན་པོ་ཆེ་སོགས་བྱོན་སྐབས་ཀྱང་ཁྲི་ལ་མཆོད་པ་བྱེད་པ་ལས་སྟེང་དུ་སྡོད་སྲོལ་མེད་ཅེས་ཟེར།འོ་ན་སྡོད་མ་དགོས་ན་དགའ་རྒྱུ་ལས་ཅི་ཡོད།ཁྲི་འདིའི་སྟེང་དུ་སྡོད་དགོས་བྱུང་ན་སླར་དཀའ་ལས་ཆེན་པོ་བྱེད་དགོས་པར་འགྱུར་བ་ཡིན་ཞེས་གསུངས་ནས་བྱོན་པས་དཀོན་གཉེར་པ་ཅི་བྱེད་མེད་པ་ལྟ་བུར་གྱུར་སོང་།ཕྱིར་བྱོན་པའི་ལམ་ནས་ཕྲན་བུ་ཅག་ལ་ང་རང་ལྕང་མ་སྒར་དུ་ཡོད་ཚེ་ས་སྐྱའི་བླ་མ་ཀུན་དགའ་བསོད་ནམས་རིན་པོ་ཆེས་གུར་གྱི་སྲོག་གཏད་སོགས་གནང་ནས་ས་སྐྱའི་བསྟན་པ་ཡོངས་་རྫོགས་གཏད་དེ་བདག་མི་ཆུང་ངུ་ལ་ཁུར་ཆེན་པོ་ཞིག་བསྩལ་ཡོད་པས་དཔལ་ལྡན་ས་སྐྱའི་བསྟན་པའི་གྲལ་མཐར་ལན་ཅིག་འོང་དགོས་པ་ཨེ་ཡིན་བསམས་ཀྱང་ད་དགོས་མ་སོང་།རང་རེ་རྣམས་བདེ་བ་ཅན་དུ་སྨོན་ལམ་འདེབས་བཞིན་པ་ལགས་པས་ཕྱིར་འོང་མ་དགོས་ན་དགའ་བ་ལས་ཅི་ཡོད་གསུངས།

  དེ་ནས་བཀའ་བརྒྱུད་པའི་གདན་ས་འབྲི་གུང་མཐིལ་དུ་གདན་འདྲེན་ཞུས་པས་དེར་བྱོན།ལམ་བར་དུ་ཨ་ཕྱི་ཆོས་སྒྲོན་སྐུ་མདོག་སྔོན་མོ་རལ་བ་ཁྲག་མདོག་ཅན་མེ་དཔུང་དང་རླུང་དམར་གྱི་ཁྲོད་ནས་བསུ་མ་ལ་བྱོན་པ་གཟིགས།དེ་ཚེ་ཀུན་གྱི་མཐུན་སྣང་དུ་རྟགས་མཚན་ཤིན་ཏུ་ངོ་མཚར་བ་བྱུང་།འཕྲལ་དུ་ཆོས་སྐྱོང་དེའི་གསོལ་མཆོད་ཅིག་ཤར་མར་མཛད་དེ་འདི་རྒྱུན་དུ་བཏོན་ན་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པ་ལ་ཕན་པ་རེ་འབྱུང་བར་སེམས་ཞེས་བཀའ་བསྩལ་ཏོ།།དེ་ནས་ཆོས་སྐྱོང་མ་གཟའ་དམ་གསུམ་དངོས་སུ་བཞུགས་པའི་གནས་དབུ་རུ་ཞྭའི་ལྷ་ཁང་དུ་བྱོན་ནས་བསྟན་འགྲོ་སྤྱིའི་དོན་དུ་ཕྲིན་བཅོལ་རྒྱ་ཆེར་མཛད།ངེད་ཅག་ལ་ཆོས་སྐྱོང་གི་སྲོག་གཏད་ཅིག་གནང་ནས་བདག་ལ་གདེང་ཅུང་ཟད་མེད་ན་གནས་འདི་ནས་འདི་ལྟར་མི་བྱེད་པས་ཕྱིས་ཐམས་ཅད་ཀྱིས་མཆོད་གསོལ་ལ་ནན་ཏན་གྱིས་ཞེས་གསུངས།

  སླར་ལྷ་ལྡན་ནས་བསམ་ཡས་སུ་བྱོན་པའི་ལམ་དུ་ཇོ་བོ་ཡབ་སྲས་བཞུགས་པའི་གནས་སྙེ་ཐང་དུ་ཕེབས་པ་ན།དེའི་གཙུག་ལག་ཁང་ན་གྲྭ་པ་འགའ་ཞིག་བཞུགས་པ་རྣམས་ཀྱིས་གསོལ་ཇ་དྲངས་པས།མདང་མནལ་ལམ་དུ་འབྲོམ་སྟོན་པས་ཟས་ཤིག་བསྩལ་བ་བྱུང་བས་འདི་འཐུང་དགོས་གསུངས་ནས་གཙང་བཞེས་མཛད།འདི་རྣམས་ཀྱི་ཁྲོད་ན་འབྲོམ་གྱི་སྤྲུལ་པ་ཞིག་ཡོད་ངེས་ཡིན་གསུངས་ནས་དེ་རྣམས་ལ་ཕྱག་འཚལ་ཅིང་ཕྱག་དབང་ཞུས་ཀྱང་ཁོང་རྣམས་ཀྱིས་འཇོག་མི་སྤོབས་པར་འདུག་པས་རེ་རེ་བཞིན་དབུ་གཏུགས་ཤིང་སྨོན་ལམ་བཏབ་སྟེ་བྱོན།དེ་ནས་མཁན་སློབ་ཆོས་གསུམ་དང་སྤྲུལ་པའི་ལོ་པཎ་རྣམས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག གསང་ཆེན་སྔ་འགྱུར་པའི་བསྟན་པའི་འབྱུང་གནས་དམ་པ་དཔལ་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་གསེར་ཁྲིར་མངའ་གསོལ་ཏེ།མངའ་དབུལ་མཆོད་སྤྲིན་རྒྱ་མཚོའི་སྤྲིན་དུ་གཏིབས་ཏེ་ལེགས་བཤད་ཀྱི་སྐྱེས་བཟང་པོ་སྙན་སྒྲོན་དུ་ཕུལ།དེར་གནས་རྣམས་ཀྱི་ཐུགས་འདུན་ལྟར་རྗེ་ཉིད་ཀྱིས་ཀྱང་།བསམ་ཡས་གཙུག་ལག་ཁང་གི་དབུ་རྩེར་མི་ནུབ་གསེར་གྱི་རྒྱལ་མཚན་གསར་དུ་བསྒྲེངས་ནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་ནས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་ལེགས་པར་བསྒྲིགས།

  ཅི་ཞིག་ན་བར་ཁང་གཡུ་ཞལ་འབར་བའི་ཉི་ཁྱམས་སུ་བྱོན་ནས།དེར་སྔོན་ཨོ་རྒྱན་ཆེན་པོས་རྗེ་འབངས་འདུས་པའི་འཁོར་ཚོགས་རྣམས་ལ་གསང་བ་སྙིང་ཐིག་གི་ཆོས་ཀྱི་སྒོ་འཕར་ཕྱེས་ཏེ་སྨིན་གྲོལ་ཆིག་རྫོགས་སུ་བྱས་ནས་དཔོན་སློབ་དགོངས་པ་དབྱེར་མེད་དུ་གྱུར་པའི་ཚུལ་རྣམས་རྗེས་སུ་དྲན་ཏེ།སྔོན་ཨོ་རྒྱན་རིན་པོ་ཆེས་གནས་འདི་ཉིད་དུ་ཟབ་ཆོས་རྒྱ་ཆེར་གསུངས་མོད།ད་ལྟ་ནི་ས་ཡང་ངོ་མི་ཤེས་པ་ལྟ་བུར་གྱུར་འདུག་གསུངས་ནས་ཡང་ཡང་བཤུམས་ཤིང་གདུང་དབྱངས་ཀྱི་མགུར་ཞིག་ཀྱང་བཞེངས་སོ།།དེར་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་དང་ལྟ་སྒོམ་སྤྱོད་པའི་གནད་སྲོག་ཏུ་བྱས་པའི་རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ་ཡང་མཛད།

  དེ་ནས་མཆིམས་ཕུར་ཆིབས་བསྐྱོད་མཛད་པའི་ལམ་བར་དུ་མ་དག་པའི་སྣང་བ་དབྱིངས་སུ་ཐིམ་སྟེ་རང་སྣང་དོན་གྱི་ཟངས་མདོག་དཔལ་རི་ནས་རིག་སྟོང་པདྨ་རྒྱལ་པོ་གནས་གསུམ་མཁའ་འགྲོའི་འདུ་བ་རྡུལ་སྙེད་ཀྱི་གྲངས་དང་བཅས་པ་མཇལ་བའི་མོད་ལ་དར་ཅིག་མཉམ་པར་བཞག་ཅིང་གསུང་རྡོ་རྗེ་གླུའི་ཆོས་མཛོད་རྡོལ་ཏེ་ཚུལ་དེ་དག་བརྗོད་བྱར་སྟོན་པའི་མགུར་ཞིག་གསུངས།སྐབས་དེར་གློ་བུར་ལྷགས་པའི་འདྲེ་མོ་ཞིག་གིས་མི་འདོད་པའི་ཆོ་འཕྲུལ་བསྟན་པ་ན།རྗེ་ཉིད་དབང་དྲག་པདྨ་ཧེ་རུ་ཀའི་སྐུར་བཞེངས་ཏེ་མི་བཟད་དྲག་ཤུལ་གྱི་རོལ་པ་བརྒྱས་བཀའ་རྟགས་ཕྱག་རྒྱའི་ཟིལ་འོག་ཏུ་བཅུག་ནས་ས་འོག་མུན་པའི་གཏིང་རུམ་དུ་ལོ་དགུའི་བར་ལ་ལྡང་བ་མེད་པའི་བཀའ་དམ་ལ་བཞག་གོ།བྲག་དམར་ཀེའུ་ཚང་དུ་ཞག་གསུམ་སྙིང་པོའི་སྒྲུབ་པ་ལ་གཞོལ་བའི་ཚེ་པདྨ་སཾ་བྷ་ཝས་བསྐྱེད་རྫོགས་རྫོགས་ཆེན་གྱི་རྒྱུད་ལུང་མན་ངག་གི་སྙིང་པོ་གཅིག་ཏུ་བསྡུས་པ་ཉིད་སྙིགས་མའི་རྒུད་པ་སེལ་བའི་ཕྱིར་དུ་རྡོ་སྒྲོམ་བཀྲ་ཤིས་དུང་གི་གཟུགས་ཅན་ཟུང་གི་དཀྱིལ་དུ་སྦས་ཏེ་ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་ཏུ་གཏད་ནས་ཕྱིས་འབྱུང་གི་དུས་སུ་ཁོ་བོའི་སྙིང་གི་བུ་མཆོག་སྣ་ནམ་པའི་སྤྲུལ་པ་ཞིག་ཏི་སྒྲོ་མཁའ་འགྲོ་འདུ་གནས་དང་མཆིམས་ཕུ་རྣམས་སུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་འབྱོན་པའི་སྐབས་སུ་ཕྱག་ཏུ་མ་འཛོལ་བར་འཕྲོད་པར་གྱིས་ཞེས་གཏེར་གྱི་གཉེར་བྱང་གཏད་པ་དེ་ཉིད་འདོན་པའི་དུས་ལ་བབས་སྟེ་གནས་དེ་ཉིད་དུ་གཏེར་ནས་སྤྱན་དྲངས།རྡོ་སྒྲོམ་ཅིག་ཤོས་ནི་ཕྱིས་གཞོལ་སྟོད་ཏི་སྒྲོར་བྱོན་སྐབས་རྗེ་ཉིད་ཀྱིས་མཁན་ཆོས་པད་ལ་དར་དཀར་པོ་ཞིག་བསྐུར་ཏེ།དེ་རིང་ཁྱོད་ཀྱིས་རྡོ་འདི་འདྲ་བ་ཞིག་མ་རྙེད་བར་དུ་ཕྱིར་མ་འོངས་གསུངས།དེས་ཨོ་རྒྱན་སྒྲུབ་ཕུག་གི་གམ་ན་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པར་གྲགས་པའི་བུད་མེད་ཅིག་སྐུ་མཚམས་སུ་བཞུགས་པའི་ཕྱག་ནས་རྙེད་དེ་བྱུང་།ཕྱིས་རྡོ་སྒྲོམ་རྣམ་གཉིས་གྱི་གཏེར་ཆོས་དངོས་སུ་འདོན་པའི་དུས་ལ་མ་བབ་ཀྱང་དགོས་པའི་དབང་གིས་རིག་བྱེད་མའི་དབང་སྒྲུབ་ཐབས་བཅས་དང་གུ་རུ་དྲག་པོའི་དབང་རྣམས་ས་གཏེར་དགོངས་གཏེར་གྱི་ཚུལ་དུ་མཛད་དོ།།དེ་ལྟར་ཡང་སྒྲིབ་བྲལ་རིག་པའི་རྡོ་རྗེའི་ལུང་བསྟན་ལས།སྟོད་པདྨའི་སྨོན་ལམ་སྦས་གནས་སུ།།སྔོན་སྨོན་ལམ་འབྲེལ་བ་བརྡ་ཡིས་བསྐུལ།།ཐུགས་སྤྲོ་བ་མི་འཚལ་བཞིན་དུ་ཡང་།།རྫས་རིན་ཆེན་གཏེར་ཁ་འབྱོར་ཡང་སྲིད།།དེ་སྦས་ཐབས་ཕྱུངས་ལ་སྦས་དོན་དགྲོལ།།ཚོགས་སྨོན་ལམ་གྱིས་བསྐུལ་དཔལ་རིར་འགྲོ།།དོན་རྟེན་འབྲེལ་ཆེ་འོ་སྙིང་གཏམ་ཡིན།།ཞེས་གསུངས་སོ།།

  བསམ་ཡས་སུ་བཞུགས་པའི་རིང་ལའང་དགོངས་གཏེར་གྱི་ཆོས་ཚན་དུ་མ་ཐུགས་ལས་ཀློང་རྡོལ་དུ་བྱུང་།སྤྱིར་རྗེ་འདི་ཉིད་ཀྱི་གསུང་འབུམ་གྱི་ཁྲོད་ན་བཞུགས་པའི་བསྟན་བཅོས་འདི་རྣམས་རྩོམ་པའི་ཚེ་གང་བརྩམ་པར་བྱ་བའི་གཞུང་དེའི་ཚིག་རྣམས་ཐུགས་ལ་བཀྲ་ལམ་གྱིས་གསལ་ནས་ཡི་གེར་མ་བཀོད་ཀྱི་བར་དུ་ཁམས་མི་བདེ་བ་ལྟ་བུ་འབྱུང་ཞིང་།འབྲི་བའི་དུས་སྐབས་སྐབས་སུ་ཚིག་འགའ་ཅུང་ཟད་མི་གསལ་ཚེ་ལྷག་པའི་ལྷ་ལ་གསོལ་བ་བཏབ།ཐུགས་ཡིད་བསྲེས་པའི་མཐུས་ལེགས་པར་གསལ་འོང་བ་སྐར་རྩིས་ཀྱི་གོ་བའི་མཇུག་ན་གསུངས་པ་ལྟར་ཡིན་ལ།དེ་བཞིན་དུ་འཆད་པའི་ཚེ་ནའང་གཞུང་གི་དཀའ་གནད་འགའ་ཞིག་ཐུགས་ལ་མི་འཆར་བ་ལྟ་བུ་བྱུང་ཚེ་གནས་ལུགས་ལ་མཉམ་པར་བཞག་པའི་རྗེས་ལ་ཇི་བཞིན་དུ་མཁྱེན་འོང་བ་ཡིན།བརྩམས་པ་དང་བཤད་པ་དེ་དག་ཀྱང་མདོ་རྒྱུད་ཀྱི་གཞུང་དང་འགལ་བ་མེད་པ་ཙམ་དུ་མ་ཟད་དེ་དག་གི་ཉིང་ཁུར་གྲུབ་པ་ནི་བློ་དང་ལྡན་པ་དག་ལ་མངོན་སུམ་ལགས་པས་མང་དུ་སྨོས་ཅི་དགོས་ཏེ་དེ་དག་གི་ཚུལ་སྔར་ཡང་ཅི་རིགས་པར་བརྗོད་ཟིན་ལ་མདོར་ན་ཀུན་མཁྱེན་མི་ཕམ་པའི་ཞལ་སྔ་ནས།ཇི་སྐད་དུ།དོན་ལ་ངེས་པའི་གདེང་ཐོབ་ན།།སེམས་ལས་ཆོས་གཏེར་འབུམ་ཕྲག་རྡོལ།།ཞེས་པ་ལྟར་རྒྱལ་བསྟན་རིན་པོ་ཆེ་ལ་ངེས་ཤེས་ཁྱད་པར་ཅན་རང་རྡོལ་ནས་འཆད་རྩོད་རྩོམ་པས་མཚོན་ཏེ།རང་གི་ཉམས་དང་མདོ་རྒྱུད་ཀྱི་དགོངས་པ་ཞུ་དག་ཕེར་ནས་རང་ཡིད་ཆེས་པ་དང་བདུད་ལས་རིང་དུ་འདས་པས་རྒྱལ་བའི་སྲས་ཀྱི་སྤྱོད་པ་བཟང་པོ་ཡར་ངོའི་ཟླ་བ་ལྟར་འཕེལ་བས་གཞན་ཡིད་ཆེས་པ་སྟེ།ཡིད་ཆེས་གཉིས་དང་ཚད་མ་གསུམ་གྱིས་གྲུབ་ཅིང་།གཞུང་ལས་སྣང་བཞིའི་རྟགས་ཇི་སྐད་བཤད་པ་ལྟར་མངོན་ན།འོད་གསལ་རྡོ་རྗེ་སྙིང་པོའི་རྣལ་འབྱོར་ལ་སླེབས་པས་འཇིག་རྟེན་ལྷ་དང་བཅས་པའི་ཅོད་པན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྒྱུ་འཕྲུལ་ཏེ།དེ་དག་གི་ཞབས་ཀྱི་རྡུལ་ཕྲ་རབ་ཀྱང་སྲིད་པ་གསུམ་ན་ཆེ་བའི་མཆོད་སྡོང་དུ་གྲུབ་པ་ཡིན་ནོ།།ཞེས་བསྔགས་པ་མཛད་པ་བཞིན་དུ་བལྟ་བར་བྱའོ།།

  འདི་ལོའི་དབྱར་དུས་སུ་སླར་ཡང་མི་ཉག་ཀུན་བཟང་ཆོས་གྲགས་ཀྱི་གདན་སར་བྱོན་ནས་སྙིང་ཐིག་ཡ་བཞིའི་བཀའ་དབང་གནང་།ཉིན་ཞིག་གོ་བོ་ནོར་བུ་ལྷ་རྩེར་བྱོན་ནས།ད་ནི་མ་དག་པའི་ཞིང་དུ་དེ་ལས་རེ་ཞིག་མི་འོང་ངེས་ཅན་ཡིན།སྤྱིར་ས་སྐྱའི་བསྟན་པའི་གྲལ་མཐར་ལན་ཅིག་འོང་དགོས་པ་ཡིན་ཡང་རྟེན་འབྲེལ་མ་འགྲིགས་པས་འདི་འོག་ནི་བདེ་བ་ཅན་ལ་འགྲོ་རྒྱུ་ཡིན་གསུངས་ཏེ་བདེ་ཆེན་ཞིང་གི་སྨོན་ལམ་རྒྱས་པར་གསུངས།གནས་དེ་ཉིད་དུ་མི་ཉག་གི་དགོན་པ་ཐམས་ཅད་ཀྱི་ཐུན་མོང་གི་བཤད་གྲྭ་ཞིག་བཙུགས་སོ།།དེ་ལྟར་བསྟན་འགྲོའི་དོན་དུ་ཡུལ་གཞན་ལ་ཅུང་ཟད་རེ་བྱོན་པ་ཙམ་ལས་གཞན་ཉི་མ་གཅིག་ཀྱང་མི་གཏོང་བར་ཐུན་མོང་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་བཤད་རྒྱ་ཆེར་མཛད་པས་ཆོས་གཞན་ལ་འཆད་ནུས་པའི་སློབ་མ་བརྒྱ་ཕྲག་ཏུ་ལོངས་པ་བྱུང་ཞིང་།ཐུན་མིན་འོད་གསལ་རྫོགས་པ་ཆེན་པོའི་ཟབ་ཁྲིད་ཀྱང་རྟག་པར་གནང་བས་ཕུང་པོ་འཇའ་ལུས་སུ་དེངས་པའི་རྣལ་འབྱོར་པའང་བྱུང་།དེ་བས་ན་མདོ་ཁམས་ཀྱི་ཡུལ་གྲུ་ཆེ་ཆུང་ཅི་རིགས་པའི་བསྟན་པ་ལ་དབང་སྒྱུར་བའི་དམ་པའི་སྐྱེས་བུ་ཕལ་མོ་ཆེ་ནི་རྗེ་འདི་ཉིད་ཀྱི་གསུང་ལས་སྐྱེས་པ་འབའ་ཞིག་གོ།དབང་ཁྲིད་སོགས་གནང་བའི་ཚེ་ནའང་སྒྲུབ་པའི་མཆོད་པ་ཁོ་ན་ལས་ཟང་ཟིང་གི་འབུལ་བ་ནི་ཁ་དར་ཙམ་ཡང་མི་བཞེས་པར་ཐམས་ཅད་ཕྱིར་ཟློག་པར་མཛད།དེར་མ་ཟད་སྐུ་གསུང་ཐུགས་རྟེན་འགའ་ཞིག་ལས་གཞན་པའི་ཕྱག་རྫས་ཡོངས་རྫོགས་སློབ་ཚོགས་རྣམས་ལ་ལན་དུ་མའི་བར་དུ་སྤོང་དག་མཛད།འབྱོན་བཞུགས་ཀུན་གྱི་ཚེ་ན་སེར་སྐྱ་ཡོངས་ལ་དགེ་བསྐུལ་ནན་དུ་མཛད་པས་འཇམ་པའི་དབྱངས་ཀྱི་བསྙེན་པ་སོགས་བསྙེན་པ་དུང་ཕྱུར་ཕྲག་བཞི་ཁྲི་ལྷག་དང་།ཚེ་ཐར་ཡང་དུང་ཕྱུར་ཕྲག་གཉིས་ཙམ་དུ་ལོངས་བ་ནི་སྔོན་ཞིག་ནས་གྲུབ།དེའི་རྗེས་སུའང་དགེ་བསྐུལ་བརྗོད་དུ་མེད་པ་གནང་སྟེ་ཡུལ་ཕལ་མོ་ཆེར་ལག་ཏུ་ཕྲེང་བ་མེད་པ་དཀོན་པ་ཞིག་བྱུང་ངོ་།།དེ་བཞིན་གོང་དུ་བཤད་པའི་བཤད་སྒྲུབ་ཀྱི་སྡེ་དེ་རྣམས་དང་།གཞན་ཡང་གསེར་མགོན་པོ་འབྲོང་རིའི་མདུན་ཞོལ་དང་།གླག་བྲག་རྫོང་དགོན།ཉག་རོང་གུ་རུ་དགོན་རྣམས་ཀྱིས་མཚོན་དགོན་སྡེ་ཆེས་མང་པོར་བཤད་གྲྭ་དང་སྒྲུབ་གྲྭ་བཙུགས།ཁྱད་པར་དུ་སྟོན་པའི་བསྟན་པ་གནས་མི་གནས་འདི་དམ་ཆོས་འདུལ་བ་ཁོ་ནར་རག་ལས་པར་དགོངས་ཏེ་ལོ་རེ་བཞིན་ཕྱོགས་ཕྱོགས་སུ་མཁན་པོ་མང་དུ་བཏང་སྟེ་འདུལ་གཞུང་ལ་འཆད་ཉན་དང་གཞི་གསུམ་སོགས་ཀྱི་ཆོ་ག་ལ་ཉམས་བཞེས་ཚུལ་བཞིན་བྱེད་དུ་བཅུག་པས་བསྟན་རྩ་སོ་སོར་ཐར་པ་འདི་སྔར་ལས་ཀྱང་ལྷག་པ་ཞིག་བྱུང་ངོ་།།

  དེ་ནས་རྡོ་གྲུབ་ཀུན་བཟང་གཞན་ཕན་གྱི་ལུང་བསྟན་གོང་དུ་དྲངས་པ་ལས།དེར་འབྲེལ་ཀུན་བདེ་ཆེན་ས་ལ་འགོད།།ཅེས་དང་།གཞན་ཡང་མ་ཎི་བླ་མ་པདྨ་སིདྡྷིི་དང་།བཤེས་གཉེན་དམ་པ་བློ་གྲོས།མཆོག་སྤྲུལ་ནམ་མཁའ་འཇིགས་མེད་སོགས་ཀྱིས་ཀྱང་སྐུ་ཚེའི་སྨད་དུ་འབྲེལ་ཚད་བདེ་བ་ཅན་དུ་འདྲེན་པའི་ཕྲིན་ལས་འཕེལ་བར་ལུང་བསྟན་པ་བཞིན་ས་སྦྲུལ་ཟླ་༩ཚེས་༡ལ།ད་ནས་བཟུང་ཀུན་གྱིས་བདེ་བ་ཅན་དུ་སྨོན་འདུན་རྩེ་གཅིག་པ་གྱིས།བསགས་སྦྱང་ལ་འབོད།འོད་དཔག་མེད་ཀྱི་མཚན་ས་ཡ་རེ་གྲངས་འཁྱོལ་བར་གྱིས་ལ།བླ་མ་དང་འཇམ་པའི་དབྱངས་དབྱེར་མེད་དུ་མོས་པའི་དྲུང་དུ་བདེ་བ་ཅན་དུ་སྐྱེ་བར་གསོལ་བ་ཐོབ་དང་བསླུ་བ་མེད་ངེས་པ་ཡིན།བདག་ལའང་དེ་ཙམ་གྱི་གདེང་ཞིག་མེད་ན་ཚོགས་པ་འདི་ཙམ་གྱི་ཁ་འཛིན་གཏན་མི་བྱེད་ངེས་ཅན་ཡིན་གསུངས།དེ་ནས་བཟུང་ཕྱོགས་ཕྱོགས་ནས་ས་ཏྭ་ཡིག་བརྒྱ་དང་འོད་མཚན་འདོན་པར་དམ་བཅའ་བྱེད་མཁན་གྱི་སྤྲིང་ཡིག་ཁ་བ་བབས་པ་བཞིན་དུ་བྱུང་སྟེ་སྐྱེ་བོ་གྲངས་མེད་པ་བདེ་ཆེན་ཞིང་དུ་འཁྲིད་པའི་མཛད་པ་འདི་གཅིག་པུའང་བློ་ཡུལ་ལས་འདས་པ་ཞིག་གོ།

  མདོར་ན་འཇམ་མགོན་ས་སྐྱ་པཎྜི་ཏའི་ཞལ་སྔ་ནས།ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་སྦྱངས།།བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད།།ཐ་མ་འདྲིས་པའི་ཚོགས་ལ་བརྩོན་པས་བསྒོམས།།དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན།།ཞེས་གསུངས་པ་བཞིན་ཐུགས་ཉམས་སུ་མཛད་ཅིང་།ལྷག་པར་དུ་སྙིགས་མ་བས་ཀྱང་ཆེས་ཤིན་ཏུ་སྙིགས་མ་ཀླ་ཀློའི་མུན་པས་ཀུན་ནས་ཁེབས་པས་ཆོས་ཀྱི་སྣང་བ་དང་བྲལ་བའི་དུས་སུ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་སྐྱེ་བོ་དཔག་ཏུ་མེད་པས་ཐར་པའི་ལམ་སྣ་ཟིན།རིས་སུ་མ་བཅད་པའི་བསྟན་པ་རིན་པོ་ཆེ་ཡོངས་སུ་རྒྱས་པར་མཛད་པ་འདི་ནི་སྔོན་ཞིག་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པར་བསྟན་པ་སྐྱོང་བ་ལས་ཀྱང་ཆེས་ངོ་མཚར་ཞིང་བསྔགས་འོས་ཀྱི་གནས་སུ་ངེས་པས་སྟོན་པ་མཆོག་གིས་ཀྱང་།སྟོན་པའི་བསྟན་པ་གཅེས་འཛིན་བྱེད།།ཅེས་བསྔགས་པ་དོན་དང་ལྡན་ཞིང་།ཇི་སྐད་དུ།རྗེ་བདག་ཉིད་ཆེན་པོའི་ཞལ་སྔ་ནས།བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།།ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི།།སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།།ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག།ཅེས་གསུངས་པ་བཞིན་དུ་རྒྱལ་དང་རྒྱལ་སྲས་ཀུན་གྱིས་ཐུགས་སྨོན་མཛད་པའི་གནས་སུའང་མངོན་པས་ན་བདག་ཅག་སངས་རྒྱས་ཀྱི་རྗེས་སུ་སློབ་པ་རྣམས་ལ་ནི་མི་ལྡོག་པའི་དད་པའི་དམིགས་རྟེན་དམ་པའི་རྣམ་ཐར་ཞེས་པ་འདི་ལས་གཞན་ཅི་ཡང་མི་དགོས་པར་སེམས་སོ།།

  དེ་ལྟར་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མངའ་བདག་དམ་པ་ཉིད་ནི་སྐྱེ་རྒུ་རྣམས་ཀྱི་རྨད་དུ་བྱུང་བའི་བསོད་ནམས་ཀྱི་མཐུ་ལས་གང་འདུལ་མངོན་པར་དགེ་བའི་ཕྲིན་ལས་དཀར་ཕྱོགས་ཟླ་བའི་འཕེལ་ཆ་ལ་འཁུ་ཞིང་སྐུ་ཚེ་གཞོམ་མེད་རྡོ་རྗེའི་རང་ཁམས་སུ་བརྟན་ཏེ་ཕྱི་མའི་མཐའི་བར་བསྟན་དང་འགྲོ་བའི་དཔལ་དུ་བཞུགས་བཞིན་པ་ལགས་སོ།།དེ་སྐད་ཅུང་ཟད་ཅིག་སྨྲས་པ་འདི་ནི་རང་གཞན་ཀུན་ལ་མཐུན་སྣང་དུ་གྲུབ་པའི་ཡོན་ཏན་རྣམས་ལས་ཆ་ཤས་ཙམ་ཞིག་ཡིན་གྱི།ལྷ་མིང་གྲུབ་རྟགས་དང་།དག་པའི་སྣང་བ་ཁྱད་པར་བ་སོགས་གསང་བའི་རྣམ་ཐར་དང་ནང་གི་རྣམ་ཐར་ཕལ་མོ་ཆེ་ནི་རྗེ་ཉིད་ཐུགས་སྒམ་པ་དང་གསང་བ་སྲུང་བ་ལ་དགྱེས་པའི་དབང་གིས་མ་རྟོགས་པས་འདིར་བརྗོད་པ་མེད་དོ།།ཅུང་ཟད་ཅིག་སྨྲས་པ་དེར་ནི་ངོ་བསྟོད་དང་གཞན་བསླུ་འདོད་ཀྱི་རྫུན་ཚིག་གཅིག་ཀྱང་བྱས་པ་མེད་ཅིང་།དེ་ཡང་མཚུངས་མེད་བླ་མ་ཡིད་བཞིན་ནོར་བུ་མཆོག་གི་ཞལ་སྔ་ནས་བཀའ་གནང་གིས་དབུགས་དབྱུང་དང་བློ་ལྡན་དུ་མས་བསྐུལ་བ་ལ་བརྟེན་ནས་བགྱིས་ཀྱི་ཕྲན་བུ་ཅག་གིས་བབ་ཅོལ་དུ་བྱས་པ་ནི་མ་ཡིན་ནོ། །

  སླར་སྨྲས་པ།

  སྲིད་ལས་ངེས་འབྱུང་འཛིན་མ་ལ་བརྟེན་ཞི་དུལ་ཁྲིམས་ཀྱི་རྩ་བ་བརྟན།།

  ཐོས་བསམ་སྒོམ་པའི་ཁོ་ལག་ཡོངས་རྫོགས་དད་དང་སྙིང་རྗེའི་འབྲས་བཟང་དུད།།

  བྱང་ཆུབ་སེམས་ཀྱི་མེ་ཏོག་གཡོ་ལྡན་གྲགས་པ་དཀར་པོའི་བསུང་ཞིམ་གྱིས།།

  སྐྱེ་རྒུའི་ཡིད་ཀྱི་དབུལ་བ་རྣམ་སེལ་བཤེས་གཉེན་ཡོངས་འདུའི་ལྗོན་པ་རྒྱལ།།

  སྔོན་བྱོན་དྲན་དབང་འཇིག་རྟེན་མེས་པོའི་རལ་པའི་ཅོད་པན་རྩེར་འགྲོགས་པ།།

  དག་གསལ་རྙོག་མེད་ཚངས་སྤྱོད་བཞི་ལྡན་འཆད་རྩོད་རྩོམ་པའི་རླབས་ཕྲེང་ཅན།།

  མདོ་སྔགས་གཞུང་ལུགས་ཆུ་ཀླུང་འབུམ་འཁྱིལ་ཆོས་ཚུལ་འཆི་མེད་གངྒཱ་མ།།

  མང་ཐོས་ཧུབ་ཀྱིས་ལྟོ་བར་བསྐྱིལ་བའི་དྲང་སྲོང་ཛ་ཧུ་ན་ཁྱོད་བསྔགས།།

  མཆོག་གསང་ཐེག་པའི་བཅུད་ལ་དགྱེས་རོལ་བརྒྱུད་ལྡན་བླ་མའི་གཤེགས་ཤུལ་ནས།།

  གཞི་རྫོགས་འབྲས་བུའི་བཙན་ས་རབ་ཟིན་སྨིན་གྲོལ་བདུད་རྩིའི་ཆུ་རྒྱུན་གྱིས།།

  རིག་པ་རྩལ་གྱི་དབང་ཆེན་སྩོལ་མཛད་གོང་འཕེལ་ཉམས་ཀྱི་རྣལ་འབྱོར་པ།།

  སྡེ་གསུམ་ཀློང་དགུའི་ཤིང་རྟ་གཅིག་པུར་མཚན་གྱི་སྙན་པ་ལྷ་ལས་འཕོས།།

  རྒྱལ་བསྟན་འོད་སྟོང་ཞི་བར་མནལ་བའི་གཟུགས་བརྙན་སྤྲིན་མཐོངས་མཁའི་ཉི་ཞུར།།

  རྩོད་ལྡན་ཆུ་ལྷའི་ཕང་བར་ཡིབས་ནས་ཆེར་སྙིགས་རྒུད་པའི་མུན་དཔུང་གིས།།

  བསིལ་ལྗོངས་ནོར་འཛིན་དམ་དུ་འཁྱུད་ཚེ་ཐུགས་བསྐྱེད་ཟླ་བ་དཀར་པོའི་འཛུམ།།

  ཕྱོགས་བརྒྱར་སྤྲོས་པའི་བཀའ་དྲིན་ཕུང་པོ་མཁའ་ལས་བརྒལ་བ་ཁྱེད་མིན་སུ།།

  ཀྱེ་ཧོ་ལྷོ་ནུབ་ཆུ་གོས་རྩེར་བབས་པའི།།

  འདོད་འབྱུང་དཔལ་གྱི་ཙིནྟ་མ་ཎི་གང་།།

  ལེགས་བྱས་དཔལ་དུ་ཁུག་པའི་དུས་སྟོན་འདིར།།

  མོས་ལྡན་བདག་ཅག་སྐལ་བ་བཟང་སྙམ་སེམས།།

  བསམ་གཏན་ཁང་བུར་ཏིང་འཛིན་ལ་ཆགས་ཏེ།།

  ཞི་ལ་དགའ་བའི་སྦས་པའི་རྣལ་འབྱོར་དང་།།

  ཚིག་སྐམ་ཆུ་ཤིང་དར་མའི་སྙིང་པོ་ལ།།

  རེ་བའི་རྟོག་གེ་དེང་སང་མང་ན་ཡང་།།

  མཐའ་གཉིས་སྤངས་པ་རྒྱལ་བའི་རང་ལམ་ནས།།

  ཐབས་ཤེས་འཇུག་པ་བཅུ་པའི་གོམ་སྟབས་ཀྱིས།།

  རྒྱལ་སྲས་སྤྱོད་པའི་ས་ཆེན་དབང་བྱེད་པ།།

  དུས་ཀྱི་མཐའ་འདིར་བདག་གི་བླ་མ་ཙམ།།

  མཐོང་ཐོས་དྲན་དང་རེག་པའི་ཆ་ཙམ་གྱིས།།

  བདེ་ལྡན་པད་མའི་སྦུབས་སུ་དབུགས་འབྱིན་པར།།

  རྡོ་རྗེའི་ལུང་གིས་ལན་བརྒྱར་བསྔགས་པ་དེ།།

  སྙིང་ལ་ཀུན་དགའི་དཔྱིད་དུ་མི་ཆེ་འམ།།

  ཨེ་མ་མཚུངས་མེད་སྐྱབས་གཅིག་ཡིད་བཞིན་ནོར།།

  བསིལ་ལྗོངས་སྐལ་བ་བཟང་པོའི་ཞིང་ཁམས་ན།།

  ད་དུང་བསྟན་འགྲོའི་རྩ་ལག་གཅིག་པུ་རུ།།

  འཚོ་གཞེས་ཚེ་དང་ཡེ་ཤེས་དཔག་པར་ཡས།།

  གང་གི་བསྔགས་འོས་ཡོན་ཏན་རྒྱ་མཚོའི་མཐའ།།

  མཐའ་དག་སྨྲ་བྱེད་རྩེ་མོར་དབྱངས་ཅན་མ།།

  མ་ཐོགས་དགྱེས་པའི་རྩེ་འཇོར་རོལ་ན་ཡང་།།

  ཡང་དག་སྨྲ་བའི་སྤོབས་པ་དམིགས་སུ་མེད།།

  འདིར་ནི་སྒྲོ་སྐུར་ཚིག་གིས་མ་བསླད་པར།།

  དོན་མཐུན་རང་བཞིན་བརྗོད་པ་ལས་བརྩམས་ཏེ།།

  རྣམ་ཐར་རྒྱ་མཚོ་སྤྲོ་བའི་ས་བོན་དུ།།

  མདོར་བསྡུས་ཚིག་གིས་རྣམ་པར་བསྡེབས་པ་ལགས།།

  དེ་འདྲ་དེ་ལ་ནོངས་པའི་དྲི་བྲལ་ཞིང་།།

  རྟེན་འབྱུང་ལེགས་པའི་གསོས་སུ་འགྱུར་བའི་ཚུལ།།

  རྗེ་ཡི་ཞལ་ཆབ་བདུད་རྩི་མངར་མོ་ཡིས།།

  བྲན་པའི་དན་དཔང་མཆེད་ཀྱིས་མཛད་པར་རིགས།།

  འདིས་མཚོན་ཆོས་དཀར་ཟླ་བའི་འཛུམ་ཟེར་གྱིས།།

  ཐུབ་བསྟན་ཀུ་མུད་གཞོན་ནུའི་ཁ་ཕྱེ་ཞིང་།།

  དགེ་ལེགས་ཕན་བདེ་བྱེ་བའི་བསུང་ཞིམ་གྱིས།།

  གསེར་ལྡན་སྒེག་མོའི་ཁྱོན་ཀུན་ཁྱབ་གྱུར་ཅིག།

  སྙིགས་མའི་རྒུད་པ་དྲག་པོས་མནར་བའི་ཚེ།།

  རླབས་ཆེན་ཐུགས་བསྐྱེད་ཆེན་པོའི་ཁུར་བཞེས་ཏེ།།

  དུས་མཐའི་འགྲོ་ལ་ཕན་བདེའི་ལམ་སྟོན་པའི།།

  བསྟན་འཛིན་མཆོག་རྣམས་ཡུན་དུ་འཚོ་གཞེས་གསོལ།།

  ཁྱད་པར་མཚུངས་མེད་འཇམ་མགོན་ཆོས་ཀྱི་རྗེའི།།

  ཞབས་པད་ལྷ་བརྒྱའི་གཙུག་གི་ཅོད་པན་གྱིས།།

  མངོན་པར་བཏུད་པའི་ཁྲི་འཕང་ཡངས་པོ་རུ།།

  མི་ཤིགས་རྡོ་རྗེའི་གཤིས་སུ་ལྷུན་ཆགས་ཤིང་།།

  ཕྱོགས་ལས་རྣམ་རྒྱལ་གྲགས་པའི་གདུགས་དཀར་པོས།།

  བདུད་སྡེ་བྱེ་བའི་རུ་མཚོན་ཕམ་བྱས་ནས།།

  མཛད་པ་ཕྲིན་ལས་ནམ་མཁའི་ཕ་མཐར་རྡོལ།།

  ཀུན་དགའིི་དཔལ་གྱི་དུས་སྟོན་དར་གྱུར་ཅིག།

  དེ་ལྟར་རྩེ་གཅིག་ཡིད་ལ་བརྣགས་པའི་རྣམ་དཀར་སྨོན་པའི་དྲོད་གཤེར་ལས།།

  དོན་ཀུན་གྲུབ་པའི་འཁྲི་ཤིང་གཞོན་ནུ་མཆོག་གསུམ་བདེན་པའི་བྱིན་རླབས་ཀྱི།།

  ངོ་མཚར་བདུད་རྩིའི་ཆར་གྱིས་སྐྱེད་བསྲིངས་འཕྲལ་ཡུན་དགེ་བའི་གྲིབ་བསིལ་གྱིས།།

  འཇིག་རྟེན་མ་ལུས་ཡ་མཚན་བགྱིད་པའི་བཀྲ་ཤིས་ཀུན་ནས་རྒྱས་གྱུར་ཅིག།

  ཅེས་པའང་རྗེ་གང་གི་ཞབས་རྡུལ་སྤྱི་བོས་ལེན་པ་ཚུལ་ཁྲིམས་བློ་གྲོས།བསོད་ནམས་དར་རྒྱས།བསྟན་འཛིན་རྒྱ་མཚོ་རྣམས་ཀྱིས་རང་རང་གི་མཐོང་ཐོས་རྣམས་དང་ཡིད་རྟོན་རུང་བའི་རྡོ་རྗེའི་མཆེད་པོ་དག་གི་གསུང་ལ་གཞི་བྱས་ཏེ་གསེར་ལྗོངས་བླ་མ་རུང་ངམ་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་པདྨ་མཁའ་འགྲོའི་འདུ་གླིང་ནས་རབ་རྒྱན་ལྕགས་རྟ་ལོའི་གནམ་ལོ་གསར་ཚེས་ཀྱི་དུས་སྟོན་ལ་སྦྱར་བའོ།།དགེའོ།།དགེའོ།།དགེའོ།།