ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།
ཐབས་ཤེས་ཉི་ཟླ་སྐྱེ་བ་དུ་མར་འགྲོ་མང་འདྲེན་ཕྱིར་གོམས་པའི་མཐུས།།
སྤང་རྟོགས་བདེ་གཤེགས་འབྲས་བུ་ལེགས་སྨིན་བདེན་བཞི་ཐོག་མར་སྟོན་མཛད་པས།། མཐའ་མེད་སེམས་ཅན་རྨོངས་པའི་གླིང་ནས་སྐྱོབ་པའི་ཡོན་ཏན་འབུམ་གྱིས་མཛེས།། རྫོགས་པའི་སངས་རྒྱས་ཚད་མའི་སྐྱེས་བུ་རྣམ་འདྲེན་ཐུབ་པའི་དབང་པོར་འདུད།།
སྤང་རྟོགས་མཐར་སོན་འབྲས་བུ་སྐུ་གཉིས་ཡེ་རྫོགས་རིག་པའི་ཀློང་ནས་ཤར།།
མ་དག་འཁྲུལ་ངོར་གོ་ཆ་ཆེན་པོས་རབ་འབྱམས་ཞིང་དུ་རྟག་འཆར་བ།།
ཕྱོགས་མེད་འགྲོ་བའི་བདུད་བཞི་འཇོམས་པའི་རལ་གྲི་འཆང་བ་གང་དེ་ཡིས།།
རྟག་ཏུ་མི་འབྲལ་སྤྱི་བོར་བཞུགས་ཤིང་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ།།
སྡེ་བདུན་རིགས་པའི་རྩལ་ཆེན་རྫོགས་པའི་མཐུས།།
ལོག་སྨྲས་ཚོགས་ཀུན་འཛོམས་པའི་སྐལ་ལྡན་རྣམས།།
ཡང་དག་ལམ་གྱི་སྒོ་འཕར་ཡངས་པོ་རུ།།
འབྱེད་མཛད་ས་སྐྱ་པན་ཆེན་སྙིང་ནས་དད།།
མཁྱེན་པའི་དཀྱིལ་འཁོར་ནམ་མཁའི་ཀློང་ནས་རྩོལ་མེད་ཆོས་དགུའི་འོད་འཕྲོས་པས།། རྨོངས་པའི་དགྲ་བོའི་རང་རྒྱུད་བསྲེགས་པས་བརྩེ་པའི་པད་མའི་སྙིང་པོ་རྒྱས།།
མུ་མེད་རྐང་དྲུག་ཅི་དགར་སྤྱོད་ཅིང་འཇིག་རྟེན་སྟོང་གི་ཕ་མཐའ་རུ།།
སྒྲོད་པའི་ནུས་ལྡན་འཇམ་དཔལ་དབྱངས་དངོས་ཡིད་བཞིན་ནོར་བུ་ཁྱེད་ལ་འདུད།།
རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་གཅིག་བསྡུས་རྗེ་བཙུན་འཇམ་དབྱངས་མི་ཡི་གར།།
རྒྱལ་བསྟན་ཉི་མ་སྤྲིན་གྱིས་བསྒྲིབས་སྐབས་འཇིགས་མེད་སྟོབས་བཅུ་མངའ་བའི་སྲས།།
རྒྱལ་བའི་དགོངས་པ་ཇི་བཞིན་གཟིགས་ཤིང་ཡོངས་ཀྱི་དགེ་བའི་བཤེས་ཆེན་པོ། །
རྒྱལ་དབང་པད་འབྱུང་འགྲོ་མང་འདྲེན་ཕྱིར་ཡང་ཤར་པྲཛྙཱ་བྷ་དྲ་འདུད། །
རྣམ་དག་གསུང་རབ་དེ་ཉིད་ངེས་པ་ཐབས། །
རྣམ་མང་ཚིག་གི་དགེ་མཚན་དབེན་ན་ཡང་། །
རྣམ་དཔྱོད་ཡངས་པའི་མཆེད་ཚོགས་དགྱེས་པའི་ཕྱིར། །
རྣམ་འགྱུར་ངག་གིས་ཅུང་ཟད་བརྗོད་པར་བྱ། །
ཞེས་མཆོད་པར་བརྗོད་ཅིང་དམ་བཅའ་བའི་ཚིག་གི་རྒྱན་འཕྲེང་དྭངས་གཙང་པད་མ་དཀར་པོ་མགུལ་དུ་ཕུལ་ནས། གང་གླེང་པར་བྱ་བ་ནི། དེ་ཡང་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ནང་གསེས། རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཞེས་མཚན་སྙན་གྱི་བ་དན་དཀར་པོ་སྲིད་གསུམ་དུ་གཡོ་བ་དེའི་ཞལ་སྔར་ནས་མཛད་ཅིང་འཇམ་དཔལ་དབྱང་ཀྱིས་ཐུགས་རྒྱུད་བསྐུལ་ཏེ་ལུང་བསྟན་པ་མེད་པ་ཡིན་ཞེས་དང་། རྗེས་བཙུན་བསྟན་པའི་འཁོར་ལོ་བསམ་བཞིན་དུ་དགེ་སྦྱོང་ངུར་སྨྲིག་གི་རྣམ་པར་རོལ་བ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས། རིགས་གཏེར་ལས། རང་གི་ངོ་བོ་རིག་པ་ནི། མངོན་སུམ་ཡིན་ཞེས་གསུངས་བའི་དོན་ལ་རྒྱ་མཚོ་ཆེན་པོ་ལས་ཆུ་ཐིགས་ཀྱི་དཔེ་ལྟར་ཅུང་ཟད་དཔྱད་ན། རང་གི་ངོ་བོ་དང་། དེའི་ཡུལ་ལ་དཔྱད་པ་སྟེ་གཉིས་ལས། དང་པོ་ལ། གཞན་གྱིས་བཞེད་པ་ལ་དོགས་པ་བསླང་བ་དང་། རང་གི་ཁས་ལེན་སྒྲུབ་པ། མི་འཐད་པའི་ཐར་བ་སྤོང་བ་དང་གསུམ་ལས། དང་པོ་ནི། མཁས་པ་འགས། རང་རིག་གི་ངོ་བོ་བེམ་པོ་ལས་བཟློག་ཙམ་གྱི་ཤེས་པ་ལ་འཆད་ནས། ཤེས་པ་ཡིན་ན་རང་རིག་ཡིན་པའི་ཁྱབ་གསུངས་པ་དང་། འགའ་ཞིག་གིས། ཤེས་པའི་ངོ་བོ་ཡིན་ན་རང་རིག་ཡིན་པའི་ཁྱབ་ཞེས་བཞེད་པ་དང་། ལ་ལས། རང་རིག་ཡིན་ན་མངོན་སུམ་ཡིན་པའི་མ་ཁྱབ་དགོངས་པ་སོགས་དུ་མར་ཡོད་པ་རྣམས། སྤྱིར་རང་རང་ལ་དགོངས་པ་འཇོག་སྟངས་ རེ་ཡོད་པས། དེས་ན་བདག་གཞན་ང་སེམས་ཀྱི་རྒྱུད་གང་སྟེ་ངན་སྨྲས་བྱས་ན་རང་ཉིད་འཕུང་བ་ལས་མེད་ཀྱང་། འདིར་རྣམ་དག་དགེ་བའི་བསམ་པ་ཅུང་ཟད་ཀྱིས་རང་ཡིད་ལ་འཆར་ཚུལ་མདོ་ཙམ་བརྗོད་ན། དེ་རྣམས་གང་ལ་ཡང་དོགས་ཏེ། ཤེས་པ་ཡིན་ན་རང་རིག་ཡིན་པའི་ཁྱབ་ན། རྟོག་པ་ཀུན་མངོན་སུམ་ཉིད་དུ་ཐལ་ཏེ། རང་རིག་མངོན་སུམ་ཡིན་པའི་ཕྱིར། མངོན་སུམ་ལྟར་སྣང་ཡིན་ཚུལ་རྗེ་ཉིད་ཀྱི་གཞུང་ལས། འཁྲུལ་བའི་ཤེས་ཐམས་ཅད་ནི། ཞེས་སོགས་ཀྱི་སྐབས་སུ་བསྟན་པའི་ཕྱིར་རོ།། གཞན་ཡང་ཤེས་པའི་དེ་ལྟར་ན་ལུང་རིགས་གཉིས་དང་འགལ་ཏེ། རང་འགྲེལ་ལས། ཤེས་པའི་ངོ་བོ་སྒོ་ནས་དབྱེ་ན་འཁྲུལ་མ་འཁྲུལ་གཉིས་ཞེས་གསུངས་པའི་ཕྱིར། རིགས་པ་ནི་གང་ཟག་གཅིག་གི་རྒྱུད་ལ་རྗེས་དཔག་མིན་པའི་རྗེས་དཔག་གི་ངོ་བོ་ཡོད་པར་ཐལ། དེ་ཉམས་མྱོང་གི་རང་རིག་དེ་ཡིན་པའི་ཕྱིར། འདོད་ན། མཐར་གང་ཟག་གཅིག་གི་རྒྱུད་ལ་རྗེས་དཔག་དང་དུས་མཉམ་དུ་སྐྱེས་པའི་ཤེས་པ་ཀུན་རྗེས་དཔག་གི་ངོ་བོ་ཡིན་པར་ཐལ་བས་མི་འཐད་དེ། རྩ་པའི་རྟགས་དེ་མ་ཁྱབ་ཟེར་ན། རྟོགས་བྱའི་འཇུག་ཡུལ་ལ་འཁྲུལ་བའི་རང་རིག་མི་སྲིད་པའི་ཕྱིར་ན་ཁྱབ་པ་གྲུབ་བོ།། ཡང་། རང་རིག་ནི་མངོན་སུམ་ཡིན་པའི་མ་ཁྱབ་གསུངས་པ་དེའང་འཐད་པ་མ་མཐོང་སྟེ། རང་རིག་ཡིན་ན་བེམ་པོ་ལས་བཟློག་ཙམ་གྱི་ཤེས་པའི་ངོ་བོ་མཐོང་བ་ལ་མ་འཁྲུལ་བའི་ཆ་ནས་འཇོག་དགོས་པ་གང་ཞིག དོན་རིག་དང་རྟོག་པ་ཚད་མ་རྣམས་ནི་ཕྱི་དོན་བེམ་པོ་དང་བསྒྲུབ་བྱ་རྟོགས་པའི་ཆ་ནས་འཇོག་དགོས་པའི་ཕྱིར། དང་པོ་མ་གྲུབ་ཟེར་ན།། རང་གི་ངོ་བོ་མ་འདྲེས་པར་སྣང་བའི་རང་རིག་ཡིན་པའི་ཕྱིར་ན་ན་གྲུབ་བོ།། ཁྱབ་སྟེ། རྩ་བ་ལས། གསར་བར་སྣང་བས་རྟོགས་མེད་འགྲུབ། །རང་མཚན་འཛིན་ཕྱིར་འཁྲུལ་བ་མེད། ། ཅེས་གསུངས་པའི་ཕྱིར་རོ།། འོ་ན། ཀུནབཏུས་ལས། རྟོག་པའང་རང་རིག་ཉིད་དུ་འདོད།། ཅེས་གསུངས་པ་དང་འགལ་ལོ་ཞེ་ན། འདིའ་དོན་རང་གི་ངོ་བོ་རིག་པ་ཙམ་ལ་དགོངས་ནས་གསུངས་པ་ཡིན་གྱི། ངོ་བོ་རིག་པའི་ཆ་ནས་འཇོག་པ་མིན་ཏེ། དོན་ལ་མ་ཡིན་དེ་རྟོགས་ཕྱིར།། ཞེས་གསུངས་པས་ཕྱིར་རོ།། འདི་དག་འཇམ་དབྱངས་བླ་མའི་དགོངས་པ་དང་ཡང་མི་འགལ་ཏེ། དམ་ཆོས་དོགས་སེལ་ལས། ཤེས་པ་ཡིན་ན་རང་གི་ངོ་བོ་ལ་བསམ་ན་རང་གིས་རང་རིག་པས་ཁྱབ་ཅེས་གསུངས་པ་དང་། འགྲེལ་ཆེན་ལས། གལ་ཏེ་ནང་གི་ཤེས་པ་མྱོང་བ་ཙམ་ཕྱི་རོལ་ལ་ཚད་མར་འགྱུར་ན་འཛིན་རྣམ་དེ་ཕྱི་རོལ་ལ་ཚད་མར་འགྱུར་ཏེ་གཟུང་བ་སྔོན་པོར་སྣང་བ་དེ་ལ་འཛིན་སྣམ་ཡང་ཡོད་པའི་ཕྱོར་རོ་ཞེ་ན། ཕྱི་དོན་འདོད་པ་དེའི་ཚེ་དོན་དུ་སྣང་བ་གཟུང་རྣམ་འདི་ཉིད་ནི་ཕྱི་རོལ་ལ་ཚད་མ་ཉིད་དུ་འགྱུར་བ་ཡིན་གྱི་འཛིན་རྣམ་མ་ཡིན་ཏེ། འཛིན་རྣམ་ནི་ཡོད་དུ་ཟིན་ཀྱང་ནི་ཞེས་སོགས་གསུངས་པའི་ཕྱིར་རོ། །
གཉིས་པ་རང་གི་ཁས་ལེན་སྒྲུབ་པ་ལ། རང་རིག་གི་རྒྱུ་ནི། རང་གི་སྔོན་དུ་འདས་མ་ཐག་པའི་ཤེས་པ་རྣམས་ཡིན་ཡང་། དེ་ལ་རྐྱེན་གསུམ་གྱི་རྣམ་གཞག་མ་གྲགས་པའི་ཕྱིར་རོ། །དེའི་མཚན་ཉིད་ནི། ཤེས་པའི་ངོ་བོ་མཐོང་བ་ལ་མ་འཁྲུལ་བའི་ཆ་ནས་འཇོག་པའོ། །གཞན་དུ་ཤེས་པའི་ངོ་བོ་མཐོང་བ་ལ་མ་འཁྲུལ་བ་ཙམ་ལ་འཇོག་ན། མཐར་མངོན་སུམ་ཀུན་མ་རྟོག་པ་དང་། སྒྲ་རྟག་འདོད་ཀྱི་ཕྱི་རྒོལ་ཡང་དག་གི་རྒྱུད་ལའང་སྒྲ་མི་རྟག་རྟོགས་པའི་ཚད་མ་ཡོད་པ་འགྱུར་བར་གདོན་མི་ཟའོ། །འོ་ན་ཤེས་རྒྱུད་གཅིག་ཏུ་འགྱུར་ཚུལ་གང་ཞེ་ན། ཕྱི་ལྟས་དོན་རིག་གཉིས་སོགས་ཀྱང་ནང་ལྟས་རང་གཅིག་གིས་ཉམས་སུ་མྱོང་བའི་གང་ཟག་གཅིག་གི་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར་ན་ཤེས་རྒྱུད་གཅིག་ཅེས་གསུངས་སོ། །གཞན་ཡང་། དོན་རིག་དང་དེ་མྱོང་རང་རིག་སོགས་རྫོས་གཅིག་དང་ཐ་དད་གང་ཞེ་ན། རྩ་བར། རྗེས་དཔག་ཡུལ་མིན་རང་རིག་དང་། གཅིག་ཕྱིར་བརྩད་པའི་སྐྱོན་ལས་གྲོལ། །ཞེས་དང་། འགྲེལ་བར། རྗེས་དཔག་མངོན་སུམ་ཙམ་དང་ཐ་དད་རང་རིག་དང་ཡང་ཐ་དད་པས་ཤེས་པ་མ་ཡིན་པར་འགྱུར་རོ་ཞེས་གསུངས་པས་རྫས་གཅིག་ཏུ་འདོད་ལ། འོན་ཀྱང་རྫས་གཅིག་གཉིས་ལས། ངོ་བོ་དབྱེར་མེད་ཀྱི་རྫས་གཅིག་བྱས་མི་རྟག་ལྟར་མིན་ཏེ། གསལ་དང་མི་གསལ་གྱི་ཆ་གཉིས་ཡོད་པའི་ཕྱིར། དེས་ན་གྲུབ་སྡེ་རྫས་གཅིག་ཏུ་འདོད་པ་ཡིན་ནོ། །དེའི་དོན་ནི། སྐྱེ་གནས་འཇིག་གསུམ་དུས་མཉམ་པའི་དོན་དད་པའོ། །འདི་དག་གང་ལས་རྟོགས་ཤེས་ན་དབུ་མ་རྒྱན་རང་འགྲེལ་ལས། ཤེས་པ་ཐམས་ཅད་ལ་རང་རིག་པ་ཡོད་གསུངས་པ་དང་། ཆོས་རྗེས། ཡིད་མངོན་གྱི་སྐབས་སུ་འགྲོས་གསུམ་དུ་གསུངས་པ་སོགས་རིགས་གཞུང་རྣམས་ལ་བརྟགས་ན་དེ་ལྟར་ཁས་ལེན་དགོས་སོ་སྙམ་མོ། །ཀུན་མཁྱེན་དགོངས་པ་རང་ཡིད་འཆར་ཚུལ་ནི། །ཤེས་གང་ཤེས་པའི་ངོ་བོ་རང་རིག་པ། རྫས་གཅིག་གྲུབ་སྡེ་རིགས་པའི་མཁའ་ལམ་ནས། །ཀུན་གདུང་སྦྲང་རྩིའི་ཆར་གྱིས་ཚིམ་གྱུར་ཅིག །བསྡུ་བའི་ཚིགས་སུ་བཅད་པའོ། །གསུམ་པ་མི་འཐད་པ་སྤོང་བ་ལ། ཁ་ཅིག་གིས། རང་རིག་གི་ངོ་བོ་འཇོག་ཚུལ་མི་འཐད་དེ། རྟོག་པའི་ཤེས་པ་དེ་རྟོག་པ་དང་རྟོག་མེད་གཉིས་ཀྱི་གཞི་མཐུན་ཡིན་པའི་ཕྱིར་ཏེ། དམ་ཆོས་དོགས་སེལ་ལས། རྟོག་བཅས་ཀྱི་ཤེས་པའང་ཕྱི་རོལ་ཡུལ་ལ་ལྟོས་ཏེ་རྟོག་བཅས་ཡིན་ཡང་ནང་རང་རིག་པའི་ཆ་ནས་རྟོག་མེད་ཡིན་པ་འགལ་བ་མེད་དོ་ཞེས་གསུངས་པའི་ཕྱིར་ཟེར་ན། དེའི་དོན་དེ་ལྟར་འཇོག་མི་རིགས་ཏེ། རིགས་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་ལས། རྟོག་པའི་དྲྭ་བ་སྤངས་བའི་ཕྱིར། །གསལ་བ་ཉིད་དུ་སྣང་བ་ཡིན། །ཞེས་དང་། རྣམ་ངེས་ལས། རྣམ་པར་རྟོག་པ་མེད་པའི་ཤེས་པ་ནི་མངོན་སུམ་མོ། །ཞེས་དང་། རྟོག་པ་ནི་བརྗོད་པ་དང་འདྲེར་རུང་བ་སྣང་བའི་ཤེས་པ་སྟེ། དེ་བྲལ་བའོ། །ཞེས་གསུངས་པ་དང་། དེ་བཞིན་འགྲན་པའི་ཟླ་བྲལ་རིགས་པའི་ཁྱུ་མཆོག་ཆེན་པོ་འཇམ་མགོན་ས་སྐྱ་པཎ་ཆེན་གྱི་ཞལ་ནས། མངོན་སུམ་རྟོག་བྲལ་ད་ལྟ་བ། །བཅད་ཤེས་འདས་པ་དྲན་པ་ཡིན། །ཡུལ་དུས་འཛིན་སྟངས་འགལ་བ་ལ། །གཞི་མཐུན་པ་ནི་ག་ལ་སྲིད། །ཅེས་གསུངས་པ་རྣམས་དང་འགལ་བ་ཟློག་ཏུ་མེད་པའི་ཕྱིར་རོ། །དེས་ན་ལུང་དེའི་དོན་ནི། རྟོག་པའི་ཤེས་དེ། ཕྱི་རོལ་གྱི་ཡུལ་དང་རང་གི་ངོ་བོ་ལྟོས་ནས་རྟོག་རྟོག་མེད་ཡིན་གྱི་སྤྱིར་རྟོག་རྟོག་མེད་ཡིན་ཞེས་པའི་དོན་མ་ཡིན་ཏེ། དཔེར་ན། ཀ་བ་དེ་རང་ལས་རིང་ཐུང་གཉིས་ལ་ལྟོས་ནས་རིང་ཐུང་བྱེད་ཀྱང་སྤྱིར་རིང་ཐུང་མིན་པ་བཞིན་ནོ། །
གཉིས་པ་དེའི་ཡུལ་ལ་དཔྱད་པ་ན། ཁ་ཅིག་གིས། རང་རིག་ལ་ཡུལ་མེད་ཅེས་གསུངས་པ་དང་། གཞན་དག་གིས། གཞན་སེམས་དེ་སོ་སྐྱེ་གཞན་སེམས་ཅན་གྱི་ཡུལ་ཡིན་པར་འདོད་པ་སོགས་དུ་མར་ཡོད་ཀྱང་། རང་ལུགས་ལ་མི་འཐད་དེ། རང་རིག་ལ་ཡུལ་མེད་ན་རང་རིག་ཚད་མ་མ་ཡིན་པར་འགྱུར་ཏེ་བྱ་བྱེད་ལས་གསུམ་ལ་བསླུ་མེད་མ་ཡིན་ཕྱིར་ཏེ། བྱ་བའི་ཡུལ་མེད་པའི་ཕྱིར། འཁོར་གསུམ། འོ་ན་རང་འགྲེལ་ལས། རང་རིག་ལ་ཡུལ་དང་ཡུལ་ཅན་འགལ་ལོ། །དེས་ན་རང་རིག་ལ་ཡུལ་ཡོད་པར་བཤད་པ་ནི་བཏགས་པ་བ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ་རྫས་གཞན་པའི་ཡུལ་མེད་པ་ལ་དགོངས་ཞེས་མཁས་པ་རྣམས་ཀྱིས་གསུངས་པའི་ཕྱིར། གཞན་ཡང་གཞན་གྱི་སེམས་དེ་སོ་སྐྱེ་གཞན་སེམས་ཅན་གྱི་ཤེས་པའི་ཡུལ་ཡིན་ན། འཐར་གང་ཟག་གཉིས་ཤེས་རྒྱུད་གཅིག་ཏུ་ཐལ་པས་དེའི་ཡུལ་མིན་ནོ། །འོ་ན་གཞན་སེམས་ཤེས་པའི་མངོན་ཤེས་ཞེས་ཅེས་ཕྱིར་གསུངས་ཤེ་ན། གཞན་གྱི་སེམས་སྣང་ལྟར་སོ་སྐྱེ་རང་ཡིན་ལ་གསལ་བས་དེ་ལྟར་བཏགས་པ་ཡིན་ཏེ། རང་འགྲེལ་ལས། གཟུང་འཛིན་ལས་གྲོལ་བའི་ཕྱིར་རང་གི་སེམས་ཀྱི་སྣང་བ་ཉིད་དེ་ལྟར་གསལ་བས་རང་རིག་པ་ལས་མ་འདའ་སོ་ཞེས་གསུངས་བའི་ཕྱིར། མདོར་ན་རང་ལུགས་ལ་རང་རིག་གི་ཡུལ་ཡོད་དེ། ལུང་གིས་ཀྱང་གྲུབ་སྟེ། རང་འགྲེལ་ལས། ཡུལ་གཞན་མཐོང་བ་དོན་རིག་གཉིས་དང་། རང་མཐོང་བ་རང་རིག་ཅེས་པའི་ཚིག་གྲོགས་ཀྱི་སྟོབས་ཀྱིས་གྲུབ་པའི་ཕྱིར། དེ་བཞིན་དུ། འཇམ་དབྱངས་བླ་མའི་འགྲེལ་ཆེན་ལས། འཛིན་རྣམ་དེ་ཡོད་དུ་ཟིན་ཀྱང་ནི་དེའི་ཡུལ་ནང་གི་བློའི་རྣམ་པ་དེ་ཡིན་གྱི་དོན་གཞན་པ་ཕྱི་དོན་མེད་པའི་ཕྱིར་ཕྱི་རོལ་ལ་འཛིན་རྣམ་བདག་ཉིད་ནི་ལྟོས་པར་བྱ་བ་མིན་ཏེ། ཁ་ནང་ལྟའི་ཤེས་པ་ཡིན་པའི་ཕྱིར་ཞེས་གསུངས་པའི་ཕྱིར་རོ། །
སླར་སྨྲས་པ།
གང་འོག་ཉེས་ཚོགས་རྒྱལ་དང་དེ་སྲས་མདུན། །
གསོལ་ཞིང་ལེགས་ཆ་ཅུང་ཙམ་ཡོད་སྲིད་ན། །
གཅིག་བསྡོམས་རྒྱལ་བསྟན་སྤྱི་དང་སྙིང་མའི་བསྟན། །
རྒྱས་ཤིང་འགྲོ་ཁམས་དོང་ནས་སྤྲུག་གྱུར་ཅིག །
ཅེས་བོད་རབ་རྒྱན་ཤིང་ལུག་ལོའི་དབེན་གནས་བཀྲ་ཤིས་ཁྲི་གླིང་གི་ལོ་འཇུག་རྒྱུགས་སྤྲོད་ཀྱི་ཆེད་དུ་ཚད་མའི་འཛིན་གྲྭའི་སློབ་གཉེར་བ་ཉག་བསོད་ནམས་བཀྲ་ཤིས་ཀྱིས་ཡོངས་འཛིན་དམ་པའི་བཀའ་དྲིན་མི་བརྗེད་པའི་རྟེན་དུ་ཕུལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག