བདེ་ཆེན་ཞིང་གི་ཕན་ཡོན་དེར་སྐྱེ་བའི་འདུན་པ་གཏད་དགོས་ཚུལ།


 

བདེ་ཆེན་ཞིང་གི་ཕན་ཡོན།

  འུ་ཅག་གིས་ཚུལ་ཁྲིམས་རྣམ་པར་དག་པ་རེ་སྲུང་། དགེ་བ་ཅུང་ཟད་རེ་སྒྲུབ། དེ་ནས་ཁྱེད་རྣམ་པའི་ཞིང་ཁམས་ཀྱི་འདུན་པ་གཏད་ས་དེ། རང་ལ་དམིགས་བསལ་གྱི་དགོས་དབང་རེ་ཡོད་ན་མ་གཏོགས། ནུབ་བདེ་བ་ཅན་གྱི་ཞིང་ཁམས་ལ་འདུན་པ་གཏོད་དང་། ནུབ་བདེ་བ་ཅན་གྱི་ཞིང་ཁམས་ལ་སྐྱེ་སླ་བ།  སྐྱེས་ན་ཕན་ཡོན་ཆེ་བ།  དེ་འདྲ་བའི་ཞིང་ཁམས་ཤིག་གཞན་གང་ནའང་ཡོད་ནི་མ་རེད།

  སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ཀྱིས་ཆོས་སྤོང་དང་མཚམས་མེད་ཀྱི་ལས་བྱས་པ་ཞིག་ཡིན་ན་མ་གཏོགས། ངེས་པར་དུ་སྐྱེ་གསུངས་ནི་རེད། དེ་ཡིན་དུས་ཆོས་སྤོང་གི་ལས་དེ་ཅུང་དཀའ་རྒྱུ་རེད་མོད། ད་ཆེན་པོ་ངོ་མ་བདེ་བ་ཅན་གྱི་ལམ་བཀག་གཏོང་བྱེད་ཅིག་ཅུང་ཟད་དྲག་གི་ཨེ་མི་འདུག  དཔེ་ཆ་བ་ཚོ། ང་ཚོས་བཤགས་པ་ཕྱིར་བཅོས་རེ་བྱས། གཟབ་གཟབ་ཀྱིས་འགྱོད་བཤགས་རེ་བྱོས་དང་།  མཚམས་མེད་ཀྱི་ལས་ཡོད་རྒྱུ་མ་རེད།  དེ་ནས་དད་འདུན་བསྐྱེད་དང་དེས་དགའ་གི

 

འདུན་མའི་རྩེ་མོ་གཏད་ཡུལ།

  དེ་ཡང་རྒྱ་ནག་རི་བོ་རྩེ་ལྔ་ནས་ཐོག་མར་མགོན་པོ་འཇམ་པའི་དབྱངས་ཀྱི་མདུན་དུ་སྨོན་ལམ་བཏབ་སྟེ། རབ་ན་འཛམ་བུ་གླིང་གི་སེམས་ཅན་མང་ཆེ་བ་ཞིག་ཐར་བའི་ལམ་ལ་འཁྲིད་ཐུབ་ནི་ཞིག་དང་། འབྲིང་ན་ཀྲུང་གོ་རྒྱལ་ཁབ་ཀྱི་མི་སེར་མང་པོ་ཞིག་དང་། ཐ་ནའང་བོད་གངས་རིའི་ལྗོངས་ཀྱི་མི་དམངས་མང་ཆེ་བ་ཞིག་འཁྲིད་ཐུབ་ནི་ཞིག་མགོན་པོ་འཇམས་དབྱངས་ཀྱི་དྲུང་དུ་སྨོན་ལམ་བཏབ་ནི་ཡིན། དེ་ཡིན་ན་བོད་མི་རྣམས་མ་ཚད་ཕྱིའི་རྒྱལ་ཁབ་མང་ཆེ་བ་ཞིག་གིས་དད་གུས་བྱེད་རྒྱུ་དེ་ངོ་མ་འཇམ་དཔལ་དབྱངས་ཀྱི་ཐུགས་བསྐྱེད་ཡིན་རྒྱུ་རེད། ངའི་བསམ་པ་ལ་ནི། ང་ལ་མཐོང་ཐོས་དྲན་རེག་གི་སེམས་ཅན་ཚང་མ་བདེ་བ་ཅན་དུ་སྐྱེ་ཨེ་ཐུབ། མིནའང་མང་ཆེ་བ་ཞིག་བདེ་བ་ཅན་སྐྱེ་ཨེ་ཐུབ་བསམས་ནས། རང་གི་དུས་རྒྱུན་གྱི་ཉམས་ལེན་ཁྱེད་རྣམ་པར་ཨེ་མི་བཤད། བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་འདེབས་རྒྱུ་ཡིན། ཁྱེད་རྣམ་པ་ཡང་དེས་དགའ་ནི་རེད།

  ཐེངས་རེར་དགའ་ལྡན་ཡིད་དགའ་ཆོས་འཛིན། ཐེངས་རེར་ཟངས་མདོག་དཔལ་རི། ཐེངས་རེར་མངོན་དགའི་ཞིང་ཁམས། རེས་འགའ་རི་བོ་པོ་ཏ་ལར་སྨོན་ལམ་བཏབ་ན་གཟོད་འཆི་ཁའི་སེམས་ཟེར་རྒྱུ་དེ་དཔེར་ན། ཐོག་འབྲུག་གློག་གསུམ་ཛ་དྲག་ཅན་ཞིག་བྱེད་ཀྱི་ཡོད་པའི་དུས་ལྟ་བུ་ལ་བློ་བརྟན་ཚུགས་པ་ཞིག་མ་བྱས་ན།ཨོ་རྒྱན་རིན་པོ་མཁྱེན། རྗེ་བཙུན་སྒྲོལ་མ་མཁྱེན། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཟེར་ནས་གཏད་ཡུལ་མེད་པར། སྨྱོན་པའི་ཁ་བརྩེས་པ་འདྲ་ཞིག་ཨེ་མི་ཡོང་གི  གཟོད་འཆི་དུས་འཇིགས་སྐྲག་ཡོད་རྒྱུ་རེད།

  དེས་ན་ཞིང་སྦྱོང་ཟེར་ནི་རེད། ཞིང་དེའང་ང་ཚོས་རང་སྟོབས་ཀྱིས་སྦྱོང་དགོས་ནི་མ་རེད། འོད་དཔག་མེད་ཀྱི་ཞིང་ཁམས་ནི་ཕར་ཁ་ན་ཇ་བསྐོལ། ཤ་བཙོས། གཡོས་འདོམ་པ་སུམ་ཅུ་རེ་བཤམས་ཡོད་ཟེར་ནི་འདྲ་ཞིག་རེད། དེས་ན་ཕར་ཕ་ཁྱིམ་ན་བུ་འཛུལ་བ་དང་འདྲ་བས་དཀའ་ལས་ཅི་ཡང་མེད་གི  དེར་འདུན་པ་གཏད་རྒྱུ་དེ་མ་འཆུག

 

ཅེས་པའང་ཆོས་རྗེ་ཡིད་བཞིན་ནོར་བུའི་གསུང་ཟིན་ཐོར་བུ་ལས་བཏུས་སོ།།