བྱང་ཆུབ་གླིང་།-བྱིན་རླབས་གཏེར་མཛོད།-法王如意宝

༈ མུན་སེལ་མར་མེའི་ཕན་ཡོན།


 

  མར་མེ་འདིའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་རེད། མར་མེ་འདི་མཆོད་པ་ཐམས་ཅད་ཀྱི་ནང་གི་རྒྱལ་པོ་ཡིན། ཁྱད་པར་དུ་མར་མེའི་འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་རྟེན་འབྲེལ་གྱིས་རང་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་འདི་སེལ་ནི་རེད། མ་རིག་པ་སེལ་བྱེད་ལ་མར་མེ་འདི་བས་བཟང་ཞིག་མེད། ཅེས་བཀའ་གདམས་གོང་མའི་དགེ་བཤེས་པོ་ཏོ་བ་དང་།  སྤྱན་སྔ་བ། ཕུ་ཆུང་བ་ལ་སོགས་པའི་བརྒྱུད་པ་དང་བཅས་པ་ཐམས་ཅད་ཀྱིས། མགོ་སྔས་དེར་སྟོན་པའི་སྐུ་ཞིག་བཞག དེའི་མདུན་དུ་ཡོན་ཆབ་རེ་དང་།  མར་མེ་རེ་རྒྱུན་མི་འཆད་པར་བྱེད་ནི་རེད།

  དེ་བཞིན་དུ་དབུལ་མོ་བསྙེན་དགའ་མོས་སངས་རྒྱས་ཀྱི་སྤྱན་སྔར་མར་མེ་བཙུགས་ཏེ། སྨོན་ལམ་འདི་སྐད་ཅེས་བཏབ་བོ། །བདག་ད་ལྟ་དབུལ་ཕོངས་ཏེ། མར་མེ་ཆུང་ངུ་འདིས་སངས་རྒྱས་ལ་མཆོད་དོ། །བསོད་ནམས་འདིས་མ་འོངས་པའི་དུས་སུ་བདག་ཤེས་རབ་ཀྱི་མར་མེ་དང་ལྡན་ཏེ། སེམས་ཅན་ཐམས་ཅད་ཀྱི་དྲི་མ་བསལ་བར་ཤོག་ཅེས་སྨོན་ལམ་བཏབ་ནས་ཕྱིར་གནས་སུ་སོང་ངོ་།། དེའི་ཚེ་མཚན་མོ་མར་མེ་གཞན་ནི་ཟད་ཀྱི། བསྙེན་དགའ་མོའི་མར་མེ་གཅིག་པུ་ནི་ནམ་ནངས་ཀྱི་བར་དུ་འབར་རོ།། ཞེས་གསུངས་པ་ལྟ་བུའི་ཕན་ཡོན་དང་ལྡན་ནི་རེད།།  །།

 

ཅེས་པའང་ཆོས་རྗེ་ཡིད་བཞིན་ནོར་བུའི་གསུང་ཟིན་ཐོར་བུ་ལས་བཏུས་སོ།།