འོན་ཀྱང་འདི་ནའང་ཐོས་ནི་ཐོས་ཐུབ་ཀྱིན་འདུག་པས་གང་ནས་ཉན་ན་འདྲ་འདྲ་ཡིན་རྒྱུ་རེད་བསམས་ན་དེ་འདྲ་ཞིག་མ་རེད། ཇི་སྐད་དུ། རབ་ཏུ་དམའ་བའི་ས་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་བསྒྲིམས་ཏེ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར། བླ་མ་ལས་རང་ཉིད་གདན་དམའ་བར་བསྡད། ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་བསྒྲིམས་ཤིང་བསྡམས། བླ་མའི་ཞལ་ངོ་ལ་འཛུམ་ཞིང་བགད་ནས་མཇལ་དགོས་པ་རེད། འོན་ཀྱང་ང་འདྲ་ཞིག་ཡིན་ན་ཁྱེད་རྣམ་པ་བགད་རུང་མ་བགད་རུང་ཅི་ཡང་མི་རིག་གི རེད་དེ་ཁྱེད་རྣམ་པ་ངོ་མ་བླ་མ་ལ་དགའ་ན་ཁ་ཞེ་གཉིས་མེད་ཀྱིས་དགའ་བ་དང་དད་པའི་སྒོ་ནས་ཡར་ལ་འཛུམ་མདངས་ཤིག་སྟོན་དང་དེའི་བསོད་ནམས་དེའང་ངོ་མ་ཚད་མེད་པ་ཞིག་རེད། དེས་ན་བླ་མའི་ཞལ་ལན་ཅིག་མཇལ་ན་དེའི་བསོད་ནམས་དེའང་ཚད་མེད་པ་ཞིག་རེད། དེ་མ་གཏོགས་ས་ཆ་གང་ཞིག་ནས་ཐོས་ཐུབ་པ་ཙམ་གྱིས་ཆོས་ཁྲིད་ལ་འོང་མི་དགོས་ན་སངས་རྒྱས་འོད་དཔག་མེད་ཀྱི་འཁོར་བགྲང་གིས་མི་ལང་བ་ཞིག་ཡོད་པ། དཔེར་ན། ས་ཆ་འདིའི་རྡུལ་གྱི་གྲངས་ནི་བགྲང་བར་ནུས་ཀྱི། སངས་རྒྱས་འོད་དཔག་མེད་ཀྱི་འཁོར་འདུས་པ་དང་པོའི་གྲངས་བགྲང་བ་ནི་ཤིན་ཏུ་དཀའ་བ་ཡིན་ཞེས་གསུངས་པ་ལྟར་རེད། དེ་ཐམས་ཅད་ཀུན་ཀྱང་མངོན་ཤེས་ལྔ་དང་སྤྱན་ལྔ་ལྡན་པ་ཤ་སྟག་ཡིན་པས། ཉམས་སུ་བླངས་ནས་བསྡད་ན་ཆོས་ཐོས་ཐུབ་མོད། འོན་ཀྱང་འོད་དཔག་མེད་ཀྱི་དྲུང་དུ་སོང་ནས་མགོན་པོ་འོད་དཔག་མེད་ཀྱི་ཞལ་མཇལ་ཏེ་དྲུང་ནས་ཆོས་ཉན་པ་དེ་ལྟ་བུ་རེད། དེ་བཞིན་དུ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་ཀྱི་འཁོར་ལོ་རེ་རེ་སྐོར་བའི་གནས་སྐབས་ན་འཇིག་རྟེན་གྱི་ཁམས་གྲངས་མེད་པའི་ཕ་རོལ་ཏུའང་གྲགས་ཚུལ་བཤད་ཡོད་ཀྱང་། གསུང་ཐོས་པ་ཙམ་གྱིས་མི་ཕན་པར་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དག་སངས་རྒྱས་རྣམས་ལ་སྙུན་འདྲི་བར་བྱ་བའི་ཕྱིར་དུ་སྐུ་མདུན་དུ་མངགས་ཚུལ་གསུངས་ཡོད་པ་ལྟར་ངེད་ཅག་ཀྱང་ཆོས་ཞུ་བར་འོང་དགོས་ནི་རེད། སྤྱིར་ལོ་ལོན་ངོ་མ་ཞིག་དང་ལྷག་པར་དུ་དགེ་བསྙེན་ལོ་ལོན་འུ་ཐུག་ངོ་མ་དེ་འདྲ་ཞིག་ཡིན་ན་ངེད་ཚོས་སྤྱི་ཁྱབ་ནས་གནང་བ་སྦྱིན་གྱི་ཡོད་མོད། འོན་ཀྱང་ཕན་ཡོན་ལ་ཆེ་ཆུང་བསམ་གྱིས་མི་ཁྱབ་པ་ཞིག་ཡོད། ཁྱོད་འདི་ན་ཟླ་བ་དྲུག་མ་གཏོགས་མ་བསྡད་རུང་ཆོས་ཁྲིད་ཆ་ཚང་འཚོགས་ནས་མགོ་ན་སེམས་བསྐྱེད་ཅུང་ཟད་རེ་ཨེ་ཤེས་ལྟོས། མཇུག་ཏུ་བཟང་སྤྱོད་སྨོན་ལམ་དང་བསྔོ་བ་དེ་ཚོ་ཚིག་རྗེས་དོན་དྲན་ཅུང་ཟད་རེ་ཨེ་ཤེས་ལྟོས་དང་ཁྱོད་རང་འཁོར་བའི་གནས་སུ་འཁྱམ་མི་དགོས་པའི་ཐབས་ཙམ་ཞིག་དེས་ཀྱང་འགྲུབ་རྒྱུ་རེད།
ཅེས་པའང་ཆོས་རྗེ་ཡིད་བཞིན་ནོར་བུའི་གསུང་ཟིན་ཐོར་བུ་ལས་བཏུས་སོ།།