ཕ་གཅིག་བླ་མའི་འདའ་ཁའི་ཞལ་ཆེམས་སྐོར།


 

ཞིང་ཁྲིད་ཐ་མའི་ཞལ་ཆེམས།

  ཁྱེད་རྣམ་པས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདེབས་རྒྱུ་མ་འཆུག  རྒྱུན་དུ་དེ་བརྗེད་ཀི་མ་འཇུག  དེ་དོན་དག་གཅིག་ཡིན།  ཁྱེད་རྣམ་པས་སེམས་ཅན་གྱི་སྲོག་མི་གཅོད་རྒྱུ་དེ་ལ་གཟབ་གཟབ་གྱིས།  ཨུ་རུ་མུ་རུ་གྱིས། མ་ཡོ་མ་འཆུག  དེ་ནི་དོན་དག་གཉིས་པ་ཡིན། སྐྱེ་བོ་མཆོག་དམན་རབ་འབྲིང་སུ་ལའང་བསམ་པ་བཟང་པོ་སྐྱེ་ཐབས་ཨེ་ཐོན་ལྟོས།  དེ་དོན་ཚན་གསུམ་པ་ཡིན།  དོན་ཚན་གསུམ་པོ་འདིའི་ནང་དུ་མ་འདུས་པའི་ཆོས་ཤིག་མེད། གཅིག་ཡིན་ན་ད་ཐེངས་འདི་འདུས་པ་ཐ་མ་ཡིན་ཤས་ཆེ།  མིན་པའི་སྨོན་ལམ་ཐོབས། ད་དུང་ངེད་ཅག་འཕྲད་འོང་རྒྱུ་རེད། ཚེ་འདིར་ཡང་ནས་ཡང་དུ་འཕྲད་རྒྱུ་ལ་སྨོན་ལམ་ཐོབས། རེད་དེ་གཅིག་བྱས་ན་ཚེ་འདི་བརྗེ་འགྲོ་རྒྱུ་རེད།  ང་ཤི་སོང་ན་ཁྱེད་རྣམ་པས་སྤྲུལ་སྐུ་ཡོད་ཁི་ཟེར་ནས་བདུན་བདུན་བཞི་བཅུ་ཞེ་དགུ་མ་ཚང་གོང་ནས་མའི་མངལ་དུ་ཟླ་དགུ་ངོ་བཅུ་འགྲོ་ལོང་མེད་པར་སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུ་རེད་དེ། ང་ཚེ་འདི་བརྗེས་མ་ཐག་ཏུ་རང་ལ་རང་དབང་ཞིག་ཡོད་ན་དང་པོ་ང་འདི་ན་མི་འོང་ངེས་ཅན་ཡིན།  འདི་ནས་ཤི་མ་ཐག་ཏུ་ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ་ཨེ་སྐྱེ་བསམ་གི་ཡོད།   བདེ་བ་ཅན་ནས་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཇལ།   གསུང་ཐོས།  ཕྱག་གཡས་པ་པདྨའི་འདབ་མ་ལྟར་འཇམ་པ་དེ་མགོ་ཐོག་ཏུ་བཞག་ནས་བྱང་ཆུབ་ཏུ་ལུང་བསྟན་ཐོབ། སྤྱན་དང་མངོན་ཤེས་ལ་སོགས་པ་ལ་རང་དབང་ཐོབ།  སེམས་ཅན་གྱི་དོན་སྒྲུབ་དགོས་ན་ད་རེས་ཀྱི་སྐབས་ལྟར་ཉམ་ཆུང་རྡུགས་ཐུག་ཅིག་མ་ཡིན་པར།     ཡོན་ཏན་རྒྱ་ཆེན་པོ་ཞིག་ཐོབ་འོང་དུས།  སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན།།   བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས།།  ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་།།  ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར།།  ཅེས་གསུངས་ནི་རེད།     ད་སྲིད་པ་འཁོར་བའི་གནས་སྐབས་ན།  ཐབས་དང་།  ཤེས་རབ།  ཏིང་འཛིན།   རྫུ་འཕྲུལ་ལ་སོགས་པ་ལ་རང་དབང་ཐོབ་པའི་གནས་སྐབས་ན་སྤྱིར་འཛམ་བུ་གླིང་དང་། སྒོས་གངས་རིའི་ལྗོངས།  ཁྱད་པར་དུ་མདོ་ཁམས་སྨད་ཀྱི་རང་གནས་དབལ་ཤུལ་གསེར་རྟའི་ས་ཆ་འདི་ཡང་ངའི་སྙིང་རྗེས་འདོར་རྒྱུ་མ་རེད།     ང་ངན་སོང་དུ་སྐྱེས་སོང་ན་དེ་ལ་རང་དབང་མེད་ཀི་མ་གཏོགས་ང་དག་པའི་ཞིང་ཁམས་གང་རུང་ཞིག་ལ་སྐྱེས་ན་ངས་ནམ་ཡང་ཡུལ་སྡེ་གྲྭ་ཚང་ཚང་མ་སེམས་ཀྱིས་འབོར་རྒྱུ་མ་རེད།

 

འདའ་ཁའི་ཞལ་ཆེམས་ཐ་མ།

  རང་ཚུགས་མ་ཤོར།   

  གཞན་སེམས་མ་དཀྲུག  

  ཅེས་པའང་ཆོས་རྗེ་ཡིད་བཞིན་ནོར་བུའི་གསུང་ཟིན་ཐོར་བུ་ལས་བཏུས་སོ།།