རྒྱུད་དང་འཚམས་པའི་ཉམས་ལེན།


 

  འདུས་པའི་ཐ་མ་འབྲལ་བ་རེད། རང་རེ་དཔོན་སློབ་ཁྲི་ལ་ཉེ་བ་ཡོད་པ་ཀུན་ཀྱང་སྟོན་དུས་ཀྱི་མེ་ཏོག་ལྟ་བུར་ཡུན་སྔ་ཕྱིའི་རིང་ཐུང་ཧ་གོ་ནི་མ་རེད། ཁ་ཤས་མྱུར་དུ་བྲལ་ནས་འགྲོ་རྒྱུ་རེད། ཁ་ཤས་ལོ་ཆ་རེ་ལྷན་དུ་འདུག་རྒྱུ་རེད། ནམ་ཞིག་གི་གནས་སྐབས་ན་འུ་ཅག་བླ་རུང་སྒར་ན་ཡོད་པའི་མི་གཅིག་ཀྱང་མ་ལྷག་པར་ཕྱི་མའི་ཡུལ་དུ་འགྲོ་རྒྱུ་རེད། ཤི་བའི་དུས་སུ་དམ་པའི་ཆོས་མ་གཏོགས་པར་ཕན་པའི་གདམས་པ་ཞིག་ཡོད་ནི་མ་རེད།

  དེའི་ཕྱིར་ན་དམ་པའི་ཆོས་དེ་ཉམས་སུ་ལེན་དགོས་ནི་རེད། སངས་རྒྱས་ཀྱི་བཀའ་རྒྱ་ཆེ། ལུང་གྲངས་མང་བས་ཤེས་བྱའི་གནས་ལ་ཟད་མཐའ་མེད། སྙིགས་དུས་ཀྱི་ཚེ་ནི་ཐུང་། རྐྱེན་ནི་མང་། བར་ཆད་ཤིན་ཏུ་བདོ་བའི་གནས་སྐབས་ན་ཐམས་ཅད་ཉམས་སུ་ལེན་ཟེར་ན་དཀའ་མོ་རེད།

  མདོར་ན་རང་གི་རྒྱུད་ཚོད་དང་འཚམས་པའི་ཆོས་ཤིག་ཉམས་སུ་ལེན་དགོས་ནི་རེད། རྣམ་པར་རྒྱལ་བའི་དུས་གཏམ་གྱི་ནང་དུ་གསུངས་པ་བཞིན། རབ་ན་འོད་གསལ་རྫོགས་པ་ཆེན་པོའི་ལམ་དེ་ཉམས་སུ་བླངས་ནས་འཇའ་ལུས་ཆོས་སྐུའི་ས་ལ་གཤེགས་ཐུབ་པ་ཞིག   འབྲིང་བྱང་ཆུབ་སེམས་དཔའི་ལམ་སྡེ་སྣོད་ཀྱི་ཆོས་ཐམས་ཅད་ཉམས་སུ་བླངས་ནས་ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་ནས་སངས་རྒྱས་ཀྱི་ས་ལ་གཤེགས་ཐུབ་པ་ཞིག  ཐ་མ་ཡང་ནི་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་བའི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་ནས་འཁོར་བའི་སྡུག་བསྔལ་མཐའ་དག་ལས་གྲོལ་བར་བྱེད་རྒྱུ་དེ་རེད།

 

ཅེས་པའང་ཆོས་རྗེ་ཡིད་བཞིན་ནོར་བུའི་གསུང་ཟིན་ཐོར་བུ་ལས་བཏུས་སོ།།