༄༅། །རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་ལ་བསྟོད་པ་མ་ཚོགས་མཁའ་འགྲོ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ། །
རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ན་བཞུགས་པའི།།
འཕོ་ཆེན་འོད་ལུས་གྲུབ་པ་ཨོ་རྒྱན་གྱི་རྒྱལ་པོ།།
བསིལ་ལྡན་ཁ་བ་རི་བའི་མེ་ཏོག་གི་ལྷ་སྐལ།།
རྩ་གསུམ་རྒྱལ་བ་རྒྱ་མཚོའི་ངོ་བོ་དེ་མཁྱེན་ནོ།།
མི་མིན་རིག་འཛིན་བྱེ་བའི་གཙུག་རྒྱན་གྱི་ནོར་བུ།།
མཁར་ཆེན་རིགས་ཀྱི་སྲས་མོ་ཡེ་ཤེས་ཀྱི་མཁའ་འགྲོ།།
ངུར་སྨྲིག་གར་དུ་རོལ་པ་ཐར་ལམ་གྱི་དེད་དཔོན།།
གནས་ཡུལ་ཌཱཀྐི་འབུམ་གྱི་གཙོ་མོ་རུ་བཞུགས་ཡོད།།
སྙན་སྙན་ཚིག་གི་སྡེབ་སྦྱོར་མེ་ཏོག་གི་ཆུན་པོ།།
དད་གུས་སོར་རྩེས་བཏེགས་ནས་མཆོད་སྤྲིན་དུ་འབུལ་ན།།
ལོངས་སྤྱོད་འཁོར་ལོའི་རྒྱན་གྱི་དཔའ་བོ་དང་མཁའ་འགྲོ།།
བཀྲ་ཤིས་ཚངས་དབྱངས་གསུང་གི་བྱིན་རླབས་དེ་སྩོལ་ཤོག།
འཇིགས་རུང་དུར་ཁྲོད་བརྒྱད་སོགས་རིག་འཛིན་གྱི་ཞིང་ན།།
རུས་རྒྱན་གཡེར་ཁའི་འཕྱང་འཕྲུལ་སིལ་སིལ་དུ་འཁྲོལ་བཞིན།།
བཾ་ཆེན་བདུད་རྩིའི་ཚོགས་ཀྱི་དྭངས་མ་ལ་རོལ་བའི།།
མ་ཚོགས་མཁའ་འགྲོ་བྱེ་བའི་ཚོགས་དཔོན་ཞིག་ཡོད་དེ།།
ལས་སྨོན་རྐང་གླིང་སྙན་མོའི་སྐད་བརྡ་ཡིས་བསྐུལ་ཚེ།།
ལྔ་ཚོམ་རིན་ཆེན་སྤུངས་པའི་གཙུག་རྒྱན་དེ་བཞག་ནས།།
སྙན་འཇེབས་མཁའ་འགྲོའི་བརྡ་གླུ་ཐུགས་དབུས་སུ་འཕྲེང་བཞིན།།
མཚུངས་མེད་དྲིན་ཆེན་བླ་མའི་ཞབས་འབྲིང་དུ་ཕེབས་བྱུང་།།
རང་སྣང་འོད་གསལ་ཞིང་ན་ལྷན་སྐྱེས་ཀྱི་ཆོས་ཉིད།།
འཕོ་མེད་རྒྱལ་ཀུན་བསྐྱེད་པའི་ཡུམ་ཆེན་དུ་བཞུགས་ཀྱང་།།
གང་འདུལ་མཛད་པའི་ཐབས་མཁས་ཡེ་ཤེས་ཀྱི་རོལ་གར།།
སྣ་ཚོགས་ཞིང་དུ་རྩེན་པ་འཕགས་ཆེན་གྱི་རྣམ་ཐར།།
ཨོ་རྒྱན་སྨིན་གྲོལ་ངེས་དོན་དགའ་ཚལ་གྱི་གླིང་ན།།
རིག་འཛིན་རིགས་ཀྱི་སྲས་མོ་ཡེ་ཤེས་ཀྱི་ཌཱཀྐི།།
སྐལ་བཟང་གདུལ་བྱ་རྒྱ་མཚོའི་ལྷག་མ་ལ་དགོངས་ནས།།
ཡ་མཚན་ཟླ་ཚེས་གསར་བའི་འཛུམ་ཞལ་ཞིག་ངོམ་བྱུང་།།
སྲིད་ལས་ངེས་པར་འབྱུང་བའི་སྐྱོ་ཤས་ཀྱིས་བསྐུལ་ནས།།
གནག་སྣུམ་དབུ་སྐྲའི་ཐོར་གཙུག་མཁན་སློབ་ལ་ཕུལ་ཏེ།།
དྲི་མེད་སྡོམ་ཁྲིམས་གཙང་མ་ཐུགས་དམ་དུ་བཞེས་ནས།།
ངུར་སྨྲིག་བླ་གོས་གསར་བའི་མཛེས་རྒྱན་ཞིག་བླངས་སོང་།།
མཉེས་གཤིན་སྙིང་རྗེས་བརླན་པའི་ཐུགས་རྒྱུད་ཀྱི་ཞིང་དུ།།
དོན་གཉིས་ཡིད་བཞིན་འཇོ་བའི་དཔག་བསམ་གྱི་ལྗོན་པའི།།
སྨོན་འཇུག་མྱུ་གུའི་ལང་ཚོ་ཕྱིན་དྲུག་གིས་དུད་པ།།
ཉམ་ཐག་འགྲོ་བའི་མ་ཁྱེད་རྒྱལ་ཀུན་གྱི་གདུང་འཛིན།།
སྡེ་སྣོད་ལུང་གི་ཆོས་ལ་ཐོས་བསམ་གྱིས་བརྩོན་ཞིང་།།
ཟབ་དོན་གདམས་པའི་སྙིང་པོ་ཉམས་ལེན་གྱིས་བསྐྱངས་ནས།།
མཚུངས་མེད་རིག་འཛིན་བླ་མའི་ཐུགས་གསང་ལ་གབ་པའི།།
མ་ཚོགས་ཡེ་ཤེས་མཁའ་འགྲོའི་སྙིང་ནོར་ལ་དབང་ཡོད།།
འོད་གསལ་ཐེག་པ་མཆོག་གི་རྒྱལ་སྲིད་ཅིག་ཐོབ་ནས།།
སྨིན་གྲོལ་བདུད་རྩིའི་ཆོས་ཆར་འགྲོ་ཁམས་ལ་ཕབས་པས།།
ལེགས་སྨོན་དུས་སུ་སད་པའི་གདུལ་བྱ་ཡི་མེ་ཏོག།
གསེར་འཛིན་ས་གཞི་ཡངས་པའི་ཐིག་ལེ་རུ་འཛོམས་སོང་།།
གཉན་ཁྲོད་རིག་འཛིན་འདུ་བའི་ཚོགས་གྲལ་གྱི་དབུས་ན།།
རོ་ལངས་གཅེར་བུར་ཞོན་པའི་བརྟུལ་ཞུགས་ཀྱི་རྒྱལ་མོ།།
འདུལ་འཛིན་གསེར་རིའི་ཕྲེང་བའི་འཕགས་ཚོགས་ཀྱི་གཙུག་ན།།
ཞི་དུལ་དྲང་སྲོང་ཆེན་པོའི་ཆ་ལུགས་ཀྱིས་མཛེས་པ།།
ཨོ་རྒྱན་དྷུ་མ་ཐ་ལའི་གནས་ཡུལ་གྱི་ཞིང་ན།།
སྙན་འཇེབས་མི་མིན་མཁའ་འགྲོའི་བརྡ་ཚིག་གི་གཏེར་མཛོད།།
བསོད་ནམས་བང་རིམ་བརྩེགས་པའི་གསེར་ཁྲི་ཡི་སྟེང་ན།།
ཟབ་རྒྱས་སྡེ་སྣོད་གསུམ་གྱི་ཆོས་སྒྲ་ལ་དབང་སོང་།།
རང་སྣང་དབང་དྲག་རོལ་པའི་དཀྱིལ་འཁོར་གྱི་དབུས་ན།།
ཡུམ་ཆེན་རྡོ་རྗེ་ཕག་མོ་བདེ་ཆེན་གྱི་མཁའ་འགྲོ།།
སྡུག་བསྔལ་ཚ་དབལ་འཁྲིགས་པའི་སྲིད་པ་ཡི་གནས་འདིར།།
མུ་མེད་ཡེ་ཤེས་འཁྱིལ་བའི་མཚོ་མོ་རུ་བཞུགས་ཡོད།།
རིག་འཛིན་རིགས་ཀྱི་རྗེ་ཁྱེད་མི་མཇེད་ཀྱི་ཞིང་འདིར།།
མི་ཤིགས་ཚེ་མཐའ་ཡས་པའི་ངོ་བོ་རུ་བཞུགས་ནས།།
ཕྲིན་ལས་དོན་ཡོད་ཞགས་པས་སྐལ་བཟང་གི་སྐྱེ་འགྲོ།།
ཐར་བའི་ལམ་དུ་ཁྲིད་པའི་དེད་དཔོན་ཞིག་ཞུ་འོ།།
འདིར་འབད་ལེགས་བྱས་ཕྲ་མོའི་རྟེན་འབྲེལ་གྱི་མཐུ་ལས།།
བདག་རྒྱུད་ཉམས་ཆག་ཉེས་ལྟུང་ལྷག་མེད་དུ་དག་སྟེ།།
ལི་ཤིའི་བསུང་ཞིམ་འཐུལ་བའི་ཟག་མེད་ཀྱི་ཚུལ་ཁྲིམས།།
འཕགས་མཆོག་རྒྱལ་བ་དགྱེས་པའི་རྒྱན་བཟང་ཞིག་ཐོབ་ནས།།
འཛུམ་དྲུག་ཐིག་ལེ་མ་ཉམས་སྟག་ཤམ་གྱི་ཆ་ལུགས།།
སྙན་པའི་སྒྲ་གདངས་མ་ཆད་དྲིལ་ཆུང་གི་གཡེར་ཁ།།
བརྟུལ་ཞུགས་རྒྱན་དུ་རོལ་པའི་འཁྲུལ་ཞིག་གི་སྤྱོད་པས།།
རིག་འཛིན་མཁའ་ལྡིང་དབང་པོའི་ཚོགས་གྲལ་ཞིག་ཟིན་ན།།
འཁྲུལ་རྟོག་ཐད་ཀར་གཅོད་པའི་ཕཊ་སྒྲ་ཡིས་སང་སེང་།།
འཁྲུལ་སྣང་ཟང་ཐལ་གཞིག་པའི་ཧཱུྃ་གླུ་ཡིས་དིར་དིར།།
སྨྱོན་པ་འུར་ལངས་ལྟ་བུའི་རྡོ་རྗེ་ཡི་གར་གྱིས།།
སྣང་བ་དབང་བསྒྱུར་སྤྱོད་པའི་རྩལ་ཆེན་ཞིག་རྫོགས་ནས།།
དེ་སྐད་སྨོན་པ་དེ་ལ་དེ་བཞིན་དུ་འགྲུབ་པའི།།
མཐུན་འགྱུར་ལྷ་དང་བླ་མའི་བདེན་གསུང་གིས་གནང་ནས།།
བདག་སོགས་ལྟོས་བཅས་འགྲོ་ཀུན་མཁའ་སྤྱོད་ཀྱི་ཞིང་དུ།།
ཚོམ་བུ་གཅིག་ཏུ་འཛོམས་པའི་རྟེན་འབྲེལ་ཞིག་ཞུ་འོ།།
ཞེས་པ་འདི་ཉིད་སྙོམ་ལས་པ་རྨེ་བ་འཆི་མེད་རིག་འཛིན་གྱིས་གསེར་ཤོད་བླ་མ་རུང་གི་ཆོས་གྲྭ་རུ་བོད་ལྕགས་འབྲུག་ལོའི་ཟླ་༧ཚེས་༢༠ལ་བྲིས་པ་དགེ་བར་གྱུར་ཅིག། །།