༄༅། ། རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོའི་རྟོགས་པ་བརྗོད་པ་གསང་གསུམ་རྒྱ་མཚོའི་ཟེགས་མ་ཞེས་བྱ་བ།


རབ་འབྱམས་རྒྱལ་བའི་སོར་རྟོག་ཡེ་ཤེས་ཉིད།  །

སིནྡྷུའི་རྒྱ་མཚོར་འདབ་སྟོང་རྩེར་སྨིན་པ།  །

རང་བྱུང་མཚན་དཔེའི་དཔལ་འབར་མཚོ་སྐྱེས་རྗེ།  །

འཇིགས་བྲལ་པདྨ་ཀ་རས་དུས་ཀུན་སྐྱོངས།  །

 

ཆིལ་ཆིལ་རླབས་ཕྲེང་གཡོ་བའི་རྒྱ་མཚོ་ཆེར།  །

མཛེས་མཛེས་འདབ་སྟོང་བཞད་པའི་གེ་སར་དབུས།  །

ལྡེམ་ལྡེམ་གར་གྱིས་རོལ་བའི་ཡིད་འཕྲོག་ལྷ།  །

སྙན་སྙན་དབྱངས་ཀྱི་རྒྱལ་མོས་ཤིས་པ་སྩོལ།  །

 

རྒྱལ་ཀུན་གསུང་གི་དབང་ཕྱུག་དབྱངས་ཅན་མས།  །

མཛེས་སྡུག་རལ་ཁུར་རིན་ཆེན་རྒྱན་སྤངས་ནས།  །

ཚངས་སྤྱོད་ངུར་སྨིག་གསར་པའི་ཟློས་གར་དུ།  །

བྱོན་པ་མུ་མེད་ཌཱཀྐིའི་གཙོ་མོར་འདུད།  །

 

གང་གི་གསང་གསུམ་ཡོན་ཏན་རྒྱ་མཚོའི་ཀླུང་།  །

ཀུ་ཤའི་ཐིགས་པ་གཏོར་བས་རྫོགས་མིན་ཡང་།  །

དད་གསུམ་རྩྭ་ཡི་མཆོག་མར་ཆགས་པའི་རྡུལ།  །

བླངས་ཏེ་གང་ཐུགས་དགྱེས་པའི་ཡོན་དུ་སྦྲེངས།  །

 

ཞི་བ་བློ་འདས་ཆོས་སྐུའི་ཡུམ་ཆེན་མོ།  །

འགག་མེད་ལོངས་སྐུའི་རོལ་རྩལ་ཝ་ར་ཧི།  །

སྣ་ཚོགས་སྤྲུལ་པའི་གར་མཁན་མཚོ་རྒྱལ་མ།  །

དབྱེར་མེད་ཡེ་ཤེས་མཁའ་འགྲོ་ཁྱེད་ལ་བསྟོད།  །

 

དཔལ་ཆེན་གྲུབ་པའི་དབང་ཕྱུག་ཌམྦྷི་པའི།  །

གསང་གསུམ་སྒྱུ་མའི་རྣམ་རོལ་སྒྲ་སྒྱུར་རྗེ།  །

གང་ཐུགས་དགྱེས་པ་བསྐྱེད་པའི་མཛའ་ན་མོ།  །

སྒྱུ་འཕྲུལ་གཉིས་པ་བདག་མེད་རྟོགས་པའི་ཡུམ།  །

 

གཡེའི་ལབ་ཅེས་བྱ་ནོར་བུ་འཛིན་མའི་གཞིར།  །

ལུགས་གཉིས་དཔལ་གྱིས་མཐོ་བའི་གདུང་རིགས་ལ།  །

མཚན་དཔེའི་མེ་ཏོག་གཡོ་བའི་སྡུག་གུ་མ།  །

ཞི་བྱེད་བསྟན་པའི་རྒྱལ་མཚན་ཁྱོད་དུ་ངེས།  །

 

སེ་ར་གཡའ་ལུང་དབེན་པའི་རི་སུལ་དུ།  །

ཐེག་གསུམ་རྒྱང་གླུ་ལེན་མཁས་ཤཱཀྱའི་སྲས།  །

སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་གང་དེའི་དྲུང་།  །

རིགས་བཟང་མཁའ་འགྲོ་སྣང་ས་འོད་འབུམ་གྲགས།  །

 

གསང་ཆེན་ཆོས་ཀྱི་ཉི་མ་གཏེར་བདག་གླིང་།  །

རིག་འཛིན་རིགས་ཀྱི་སྲས་མོ་དཔལ་གྱི་སྒྲོན།  །

སྨིན་གླིང་བསྟན་པའི་ཤིང་རྟ་ཁྱོད་ཉིད་ཅེས།  །

སྙན་པ་གངས་ཀྱི་རི་བོའི་ཁོངས་ན་ལྡིར།  །

 

པདྨའི་གདུང་འཚོབ་ལས་རབ་གླིང་པ་ཡི།  །

ལས་ཀྱི་ཕྱག་རྒྱ་ལས་ལྡན་ཌཱཀྐིའི་གཙོ།  །

ཕན་བདེའི་ཕྲིན་ལས་སྒོ་མོ་འབྱེད་པའི་གཉེན།  །

ཆོས་ཀྱི་སྒྲོན་མའི་རྣམ་ཐར་ཨེ་མ་ཧོ།  །

 

ཡང་གཅིག་བསིལ་ལྡན་ཞིང་གི་ལྷ་སྐལ་དང་།  །

གྲུབ་བརྒྱའི་གཙུག་རྒྱན་པདྨ་ནོར་བུ་སོགས།  །

ཚད་ཐུབ་དམ་པའི་ཚད་མའི་བཀའ་ལུང་གིས།  །

བསྔགས་བཞིན་བསྔགས་པ་དོན་ལྡན་འཕགས་མ་ཁྱེད།  །

 

གྲུ་འཛིན་བདག་པོས་བདག་དུ་བཟུང་བའི་ཡུལ།  །

མདོ་ཁམས་གསེར་ལྗོངས་ཕྱུག་མོའི་ལྟེ་བ་རུ།  །

སྐྱབས་རྗེ་གདོད་མའི་མགོན་པོའི་དབོན་རིགས་སུ།  །

སྤྲུལ་པའི་མྱུ་གུ་སྒྱུ་མའི་ལྟད་མོ་ངོམ།  །

 

མུ་མེད་ཀུན་གསལ་མཐའ་དང་སྙོམས་འཇུག་པའི།  །

ཀུན་ཕན་མཛད་པ་རྒྱ་མཚོའི་སྤྲིན་སྤྲོ་བའི།  །

རྒྱལ་བ་ཀུན་ཡུམ་རྒྱལ་སྲས་དཔའ་མོ་ཁྱོད།  །

ས་འདིར་བྱོན་པ་འཇིག་རྟེན་མགོན་དང་བཅས།  །

 

གང་ཁྱོད་ལང་ཚོའི་ཟླ་ཚེས་ན་ཕྲ་ཡང་།  །

དད་དང་སྙིང་རྗེ་སྤྱན་དང་མངོན་ཤེས་སོགས།  །

ལྷན་སྐྱེས་གཤིས་སུ་སྣང་བའི་འོད་དཀར་ལ།  །

ངོ་མཚར་བསྔགས་བརྗོད་ཀུན་དའི་འདབ་སྟོང་གྲོལ།  །

 

ཡིད་འོང་མེ་ཏོག་བཞད་པའི་དགའ་ཚལ་དུ།  །

ལང་ཚོའི་མེ་ཏོག་གསར་པའི་གཞོན་ནུ་མར།  །

མཚན་དཔེའི་མེ་ཏོག་དགོད་པའི་རྒྱལ་བ་ཡིས།  །

བྱིན་རླབས་མེ་ཏོག་དོག་པ་སྤྱི་བོར་བཅིངས།  །

 

ཡང་ཅིག་ན་མཉམ་བྱིས་པའི་གྲོགས་དང་བཅས།  །

རྒྱལ་ཡུམ་ཕག་མོའི་སྤྱན་སྔར་ཕྱིན་པའི་ཚེ།  །

གཉིས་མེད་གཉིས་སུ་སྣང་བའི་སྒྱུ་འཕྲུལ་གྱིས།  །

རྗེས་འཛིན་བྱིན་རླབས་སྣང་བ་ཁྱོད་ལ་བསྩལ།  །

 

སྐྱེ་དང་སྐྱེ་བར་དམ་པའི་རྣམ་ཐར་ལ།  །

ཡང་དང་ཡང་དུ་གོམས་པའི་དན་རྟགས་སུ།  །

ཐུན་མོང་ཐུན་མོང་མིན་པའི་ཡོན་ཏན་ནི།  །

བརྗོད་ཀྱང་བརྗོད་བྱའི་ཡུལ་ལས་འདས་པ་མང་།  །

 

དེ་ནས་རབ་འབྱམས་རྒྱལ་བ་ཐམས་ཅད་ཀྱི།  །

གསང་གསུམ་འདུས་ཞལ་བྱེ་བའི་ཟ་མ་ཏོག །

སྐྱབས་རྗེ་ཐམས་ཅད་མཁྱེན་པ་གཙུག་གི་ནོར།  །

གང་གིས་བྱིན་རླབས་ཆོས་ཀྱི་བགོ་བཤའ་བསྟབས།  །

 

སྐྱེ་དང་སྐྱེ་བར་ཆོས་རྗེ་བླ་མ་ཟུང་།  །

མི་འབྲལ་མཐུན་པར་འགྲོགས་པའི་མཉེས་གཤིན་གྱིས།  །

མི་ཕྱེད་ཐུགས་ཀྱི་ཀློང་དུ་རྒྱས་བཏབ་པ།  །

ད་དུང་བྱང་ཆུབ་བར་དུ་ཕྱི་ཕྱིར་བརྟན།  །

 

དེ་ལྟར་བརྩེ་བ་ཆེན་པོའི་རྗེས་འཛིན་གྱིས།  །

ལེགས་པར་བསྐྱངས་པའི་རྒྱལ་སྲས་དཔའ་མོ་ཁྱོད།  །

ཕུན་ཚོགས་ཡོན་ཏན་རྒྱ་མཚོའི་གཏེར་བརྡོལ་ཏེ།  །

ཆེ་དགུའི་རལ་པའི་ཁྲི་ལ་ངལ་གསོ་ཐོབ།  །

 

ཐུན་མོང་ཐུན་མིན་ཐེག་པ་རྒྱ་མཚོའི་གཞུང་།  །

མ་ལུས་འཆད་རྩོད་རྩོམ་པའི་ངག་ལ་དབང་།  །

ཕྱི་དང་ནང་དང་གསང་བ་དེ་ཁོ་ནའི།  །

ལྷག་པའི་དམ་སྡོམ་སྲོག་ལྟར་བསྲུང་ཞིང་བརྩོན།  །

 

མཆོག་དང་དམན་དང་བར་མའི་འགྲོ་བ་རྣམས།  །

རྟག་ཏུ་ཉེ་རིང་མེད་པའི་ཐུགས་ཀྱིས་སྐྱོང་།  །

ཨེ་མ་རྒྱལ་སྲས་དཔའ་མོའི་རྣམ་ཐར་ལ།  །

ཞིབ་ཏུ་བསམ་ན་ཤིན་ཏུ་དད་པ་འཕེལ།  །

 

ཆར་ལྡན་དུས་སྟོན་དར་བའི་ཆུ་གཏེར་བཞིན།  །

ཉིན་བཞིན་འཕེལ་བ་ཁྲིམས་ལྡན་འདུས་པའི་སྡེ།  །

རེ་བའི་འདུན་མ་གཅིག་ཏུ་བསྒྲིལ་བྱས་ཏེ།  །

ངེས་གསང་ཆོས་ཀྱི་ཆར་བ་འབེབས་པར་གསོལ།  །

 

དེ་ཚེ་རྒྱལ་སྲས་རིག་པའི་དཔའ་མོ་དེས།  །

ཡང་དག་རིག་ཚུལ་གློག་གི་རྩེ་དགའ་དང་།  །

འགྲོགས་པའི་ལེགས་བཤད་དབྱར་སྐྱེས་གསར་བའི་རྔ།  །

ཉིན་བཞིན་བརྡུང་ལ་ངོམས་པ་མེད་པར་བྲེལ།  །

 

ཁྱད་པར་ཐེག་རྩེ་ཨ་ཏི་རྫོགས་པ་ཆེ།  །

མི་མིན་དབྱིངས་ཀྱི་མཁའ་འགྲོའི་ཐུགས་མཛོད་ཆོས།  །

མོས་ལྡན་དག་པའི་འཁོར་ཚོགས་ཁྲི་ཕྲག་ལ།  །

གསུངས་པའི་བཀའ་དྲིན་ནམ་མཁའི་མཐའ་ལས་འགོངས།  །

 

རིག་སྟོང་མི་ཤིགས་གཉུག་མ་རྡོ་རྗེའི་ཞལ།  །

མངོན་སུམ་རྗེན་གཅེར་ཉིད་དུ་སྟོན་མཛད་པས།  །

གསང་འཛིན་གསང་བའི་མཁའ་འགྲོ་དཔལ་འཛིན་མའི།  །

ཕྲིན་ལས་དུས་སུ་བབ་པའི་དན་རྟགས་ངོམ།  །

 

གཞན་ཡང་མཆོག་དམན་བར་མའི་འགྲོ་ཚོགས་ལ།  །

ཐུན་མོང་ལམ་གྱི་རིམ་པས་རྒྱུད་སྦྱངས་ནས།  །

རྣམ་དག་བདེ་ལྡན་ཞིང་གི་གྲོང་ཁྱེར་དུ།  །

འཇུག་པའི་ཕྲིན་ལས་ཆོས་ཀྱི་སྒོ་བརྒྱ་ཕྱེས།  །

 

ཁྱད་པར་སྦྱིན་པའི་ཕྱག་ཡངས་གྲོལ་བ་ལས།  །

དངོས་འབྱོར་ཟང་ཟིང་བདོག་པའི་ཡོན་སྦྱར་ཏེ།  །

སྒྱུ་འཕྲུལ་རྡོ་རྗེའི་ཕོ་བྲང་མིག་གི་དཔྱིད།  །

ལྷ་བཅས་འགྲོ་བའི་བསོད་ནམས་ཞིང་དུ་བསྐྲུན།  །

 

དེ་ལྟར་མཁས་བཙུན་བཟང་པོའི་རྣམ་ཐར་གྱིས།  །

རིས་མེད་བསྟན་འགྲོར་སྨན་པའི་མཛད་རྗེས་ཀུན།  །

ཀུན་བཟང་འཇམ་དཔལ་དབྱངས་ཀྱི་རྗེས་འགྲོ་ན།  །

ན་གཞོན་བདག་གིས་སྨྲ་བར་ག་ལ་སྤོབས།  །

 

དེ་སྐད་སྨྲས་པའི་དགེ་ཚོགས་རལ་བའི་ཀླུང་།  །

བྱང་ཆེན་རྒྱ་མཚོར་འཇུག་པའི་ཡུར་ལམ་ནས།  །

མཐའ་ཡས་འགྲོ་བའི་ཁམས་ལ་རྗེས་སོང་སྟེ།  །

འཕྲལ་ཡུན་ཕན་བདེས་འཚོ་བའི་རྒྱུར་གྱུར་ཅིག །

 

རབ་འབྱམས་སྲས་བཅས་རྒྱལ་བའི་གསང་གསུམ་དངོས།  །

བཤེས་གཉེན་ཟོལ་གྱིས་རྒྱུ་བའི་བཀའ་དྲིན་ཅན།  །

མཚུངས་མེད་ཆོས་རྗེ་ཟུང་གི་ཞབས་པདྨོ།  །

མི་ཤིག་རྡོ་རྗེའི་གཤིས་སུ་བརྟན་པར་ཤོག །

 

བདག་ཀྱང་སྐྱེ་བའི་ཕྲེང་བ་ཉལ་འགྲོ་མ།  །

མྱང་འདས་རྟ་གདོང་མེ་ཡིས་འགོག་གི་བར།  །

ཡང་དག་བླ་མ་མཆོག་དང་མི་འབྲལ་བར།  །

བསླབ་གསུམ་ཡོན་ཏན་རྒྱ་མཚོས་ཕྱུག་གྱུར་ཅིག །

 

  ཅེས་པ་འདི་གསེར་ལྗོངས་བླ་མ་རུང་དུ་ཡེ་ཤེས་ཕུན་ཚོགས་ཀྱིས་སྦྱར་བ་དགེའོ། །  ། །