༄༅།།རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོའི་བླ་མའི་རྣལ་འབྱོར་ཐུགས་ཡིད་གཅིག་འདྲེས་བཞུགས་སོ།།
དང་པོ་སྐྱབས་འགྲོ་ནི།
ཨཿ
འོག་མིན་ཀུན་བཟང་དགོངས་ཀློང་ནས།།
མ་འགགས་སྤྲུལ་པའི་སྐུར་སྟོན་པ།།
རང་བྱུང་རང་རིག་ངོ་བོ་ཉིད།།
དབྱེར་མེད་གཅིག་ཏུ་སངས་རྒྱས་ཤོག།
ལན་གསུམ།
གཉིས་པ་སེམས་བསྐྱེད་ནི།
ཨཿ
གདོད་ནས་འཁོར་འདས་དབྱེར་མེད་པ།།
རང་བྱུང་སྐུ་གསུམ་ངོ་བོ་ལ།།
རྩལ་སྣང་རིགས་དྲུག་སྣོད་བཅུད་ཤར།།
བསལ་བཞག་རང་གྲོལ་སེམས་བསྐྱེད་དོ།།
ལན་གསུམ།
ཚོགས་ཞིང་གསལ་གདབ་པ་ནི།
ཨཿ
མ་བཅོས་རང་བྱུང་རིག་པའི་ངང་།།
སྐུ་གསུམ་བསལ་བཞག་བྲལ་བ་ལ།།
མ་འགགས་སྤྲུལ་པའི་སྐུར་སྟོན་པ།།
མུ་མེད་ཡེ་ཤེས་མཚོ་མོ་ཉིད།།
དཀར་གསལ་ཡིད་འོང་འཛུམ་པའི་མདངས།།
པཎ་ཞྭ་ཆོས་གོས་རྣམ་གསུམ་གསོལ།།
མཉམ་བཞག་ཆོས་ཉིད་གཅིག་ཏུ་འདྲེས།།
སྣང་སེམས་རོ་གཅིག་དམ་ཡེ་བསྲེ།།
མཉམ་ཉིད་ཡེ་ཤེས་ངང་དུ་གསལ།།
ཚོགས་བསགས་ཡན་ལག་བདུན་པ་ནི།
ཨཿ
རང་བྱུང་རང་གསལ་ཕྱག་འཚལ་ལོ།།
སྣང་སྲིད་ཡེ་དག་མཆོད་པ་འབུལ།།
བདེ་སྟོང་མ་བཅོས་ཟུང་འཇུག་བཤགས།།
འཛིན་རྟོག་ཡེ་གྲོལ་རྗེས་ཡི་རང་།།
བརྗོད་མེད་རང་གྲོལ་ཆོས་འཁོར་བསྐོར།།
འགྱུར་མེད་མྱ་ངན་མི་འདའ་བཞུགས།།
དགེ་རྩ་འདུས་མ་བྱས་པར་བསྔོ།།
རྟོག་ཚོགས་འགྲོ་དྲུག་བྱང་ཆུབ་ཤོག།
གསོལ་བ་འདེབས་པ་ནི།
ཨཿ
གདོད་ནས་རང་རིག་ངོ་བོ་ཉིད།།
རང་གསལ་ཆེན་པོ་མཁའ་འགྲོ་མ།།
སྨིན་གྲོལ་ཅིག་ཆོད་ངང་ཉིད་དུ།།
གསོལ་བ་འདེབས་སོ་གཉིས་མེད་ཤོག །
ལན་གསུམ།
མ་ཧཱ་ཌཱཀྐི་ཛྙཱ་ན་སིདྡྷི་ཧཱུྃ།།
སླར་ཡང་གསོལ་བ་འདེབས་པ།
ཨཿ
སྐུ་གསུམ་ཀུན་འདུས་ངོ་བོ་ལ།།
མི་ཕྱེད་དད་པས་གསོལ་བ་འདེབས།།
སྒོ་གསུམ་རྡོ་རྗེ་གསུམ་ཉིད་དུ།།
དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས།།
ལན་གསུམ།
དབང་བཞི་ལེན་པ་ནི།
གནས་གསུམ་རྒྱལ་བའི་སྐུ་གསུང་ཐུགས།།
འོད་ཟེར་གསུམ་དུ་འཕྲོས་ནས་ནི།།
བདག་དང་ཕྱི་ནང་སྣོད་བཅུད་ཀུན།།
རྡོ་རྗེ་གསུམ་གྱི་ངོ་བོར་ཤར།།
རྗེས་ཐོབ་ལམ་ཁྱེར་ནི།
སྐྱེ་འཆི་བར་དོའི་འཇིགས་ཚོགས་ཀུན།།
རང་གྲོལ་རིག་པའི་ངོ་བོ་རུ།།
ལམ་དང་འབྲས་བུ་གཉིས་མེད་པར།།
ཀ་དག་རང་ས་ཟིན་པར་ཤོག།
གལ་ཏེ་ཚེ་འདིར་མ་གྲོལ་ན།།
ཆོས་ཉིད་དང་པོའི་བར་དོ་རུ།།
འོད་གདངས་སྐུ་དང་ཡེ་ཤེས་སོགས།།
འོད་གསལ་ལྷུན་གྲུབ་རྩལ་རྫོགས་ཤོག །
གལ་ཏེ་དེས་ཀྱང་མ་གྲོལ་ན།།
སྲིད་པ་བར་དོར་སྤྲུལ་སྐུའི་ཞིང་།།
གཞན་སྣང་རིགས་ལྔའི་ཞིང་ཁམས་སུ།།
དབང་བསྐུར་ལུང་བསྟན་མཆོག་ཐོབ་ནས།།
སྤྲུལ་པས་གཞན་དོན་བྱེད་པར་ཤོག །
བདེན་སྟོབས་ནི།
མཆོག་གསུམ་བདེན་པའི་ཐུགས་བསྐྱེད་དང་།།
རྩ་གསུམ་རྒྱལ་བ་སྲས་བཅས་ཀྱིས།།
སྨོན་པའི་དོན་ཀུན་གང་བཏབ་པ།།
དེ་ཉིད་གེགས་མེད་འགྲུབ་པར་ཤོག།
ཅེས་པ་འདི་རང་སློབ་ནེའུ་ཆུང་དང་བཀྲ་ཤིས་སྒྲོལ་མ་གཉིས་ཀྱིས་ནན་བསྐུལ་ངོར་རྗེ་ཨ་རིག་རྡོ་རྗེ་འཆང་གི་ཐུགས་སྲས་མདོ་མིན་སྔགས་མིན་གྱིས་དུས་ཚོད་སྐར་མ་༡༠ཙམ་ལ་གང་ཤར་དུ་བྱུང་བ་ཆོས་བདག་ཡེ་ཤེས་དོན་རྟོགས་ལ་ཡི་གེར་བཀོད་དུ་བཅུག་པ་དགེའོ།།