རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོའི་འཁྲུངས་སྐར་བསུ།


  —— ཡོངས་ཀྱི་དགེ་བའི་བཤེས་གཉེན་ྋའདྲེན་མཆོག་དཔལ་ལྡན་བླ་མ་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་མཆོག་སྐུ་འཁྲུངས་ནས་བགྲང་བྱ་༥༢སོན་པའི་འཁྲུངས་སྐར་ལ་ཕུལ་བ།

  དེ་རིང་ནི་ངུར་སྨྲིག་གི་རྒྱལ་མཚན་གཡོ་བའི་ཤཱཀྱའི་སྲས་མོ་ཞིག་གི་འཁྲུངས་སྐར་གྱི་དུས་བཟང་ཡིན་པས་ང་ཚོས་མཉམ་དུ་བསུ།

 

  དེ་རིང་ནི་སྙིང་རྗེས་ཐུགས་རྒྱུད་བརླན་པའི་བྱང་ཆུབ་སེམས་མ་ཞིག་གི་འཁྲུངས་སྐར་གྱི་དུས་བཟང་ཡིན་པས་ང་ཚོས་མཉམ་དུ་བསུ།

 

  དེ་རིང་ནི་ཉམས་རྟོགས་ཀྱི་མྱུ་གུ་འབུས་པའི་རྣལ་འབྱོར་མ་ཞིག་གི་འཁྲུངས་སྐར་གྱི་དུས་བཟང་ཡིན་པས་ང་ཚོས་མཉམ་དུ་བསུ།

 

  ཁོང་ནི་སློབ་ཚོགས་ཁྲི་མ་འབུམ་ལ་སྨིན་གྲོལ་གྱི་བགོ་བཤའ་བཏབ་པའི་ངེས་དོན་གྱི་བཤེས་གཉེན་ཞིག་ཡིན་ལ་སྐྱེ་དགུའི་བསོད་ནམས་ཀྱི་མཆོད་སྡོང་རྨད་དུ་བྱུང་བའང་ཡིན།

 

  ཁོང་ནི་ཆོས་རྗེ་བླ་མའི་གསང་གསུམ་གྱི་རྒྱལ་ཚབ་དམ་པ་ཡིན་ལ་གདུལ་བྱའི་བསོད་ནམས་ཀྱི་དཔལ་དུ་ཤར་བའི་སྙིགས་དུས་ཀྱི་འོད་སྣང་དཀར་པོའང་ཡིན།

 

  བླ་མ་ལགས། ཁྱེད་ཀྱི་སྐུ་ཚེ་ཡུན་དུ་བརྟན་ཅིང་མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ་པར་ཤོག ཁྱེད་ཀྱི་ཐུགས་བཞེད་གེགས་མེད་འགྲུབ་ཅིང་ས་གསུམ་དབང་དུ་སྡུད་པའི་མཐུ་ཐོབ་ཤོག

 

  ཅེས་པ་འདི་རབ་རྒྱན་མེ་སྤྲེལ་ལོའི་བོད་ཟླ་༡༢པའི་ཚེས་༡ཉིན་བཀྲ་ཤིས་ཁྲི་གླིང་བོད་ཡིག་ཚན་ཆུང་གིས་གུས་པས་ཕུལ་བའོ།།